ངེད་ཚོའི་སྙིང་ཁར་སློབ་ཆེན་ཞེས་པའི་ཐ་སྙད་སྙིང་ཉེ་བ་ཞིག་ཡོད། ཐ་སྙད་འདི་སྙིང་ལ་ཉེ་ཚུལ་ནི་ཁྱེད་རང་ངའི་སྙིང་ཁར་ཡོད་པ་དང་གཅིག་མཚུངས་ཏེ། བསིལ་རླུང་གི་འགྲོས་དང་ཉི་འོད་ཀྱི་དྲོད་འཇམ། སྔོ་ལྗང་གི་འདབ་ལོ་དང་མེ་ཏོག་གི་སྐྱེད་ཚལ། ཕུགས་བསམ་གྱི་དམིགས་འབེན་དང་བརྩོན་འགྲུས་ཀྱི་ལང་ཚོ། ཡར་ཐོན་གྱི་དམིགས་ཚད་དང་འཆར་ཅན་གྱི་བླང་བྱ། ད་དུང་། བཤེས་གཉེན་དམ་པའི་གསུང་གི་བདུད་རྩིར་གྱུར་པའི་མི་ཆོས་གནད་ཀྱི་ཕྲེང་བ་དང་། སློབ་ཁང་གྲུ་བཞིའི་སྒེའུ་ཁུང་ལས་གྲགས་པའི་ཕ་སྐད་ཀྱི་དབྱངས་རྟ། སྐྱིད་ཆུ་སྔོན་མོའི་རླབས་སྒྲར་འཁུ་བའི་སྙན་ཚིག་ངག་གི་བསྟོད་པ། ན་ཆུང་ཕོ་མོས་མཛའ་འཕྲིན་བསྐུར་བའི་གྲེ་འགྱུར་ངག་གི་ཚངས་པའི་དབྱངས། དྲན་སེམས་ཀྱི་ཀློང་ནས་བཞུར་བའི་ཡིག་ཆུང་སེམས་ཀྱི་འཛུམ་རིས་སོགས་ཧ་ཅང་སྙིང་དུ་སྡུག་ཨང་།
འདི་དག་ནི་བདག་ཚོའི་དྲན་པའི་ངོས་ཀྱི་སློབ་ཆེན་གྱི་འཚོ་བ་དང་གཏམ་རྒྱུད་ཀྱི་སྒོ་མོ་ཡང་ཡིན། སློབ་ཆེན། ཁྱེད་ནི་ངས་འཇིག་རྟེན་འདིའི་འགྲན་རྩོད་ལས་རྙེད་པའི་ལྷད་མེད་ཀྱི་རང་ཁྱིམ་གཉིས་པ་དེ་ཡིན་ཞིང་། ཁྱེད་ཡོད་པས་ངས་རང་ཉིད་དང་ཆེས་སྙིང་ཉེ་བའི་དཔེ་ཆ་དག་སློབ་དཔོན་དུ་བསྟེན་ནས། མཛའ་བརྩེ་ཟབ་ལ་ཕྱི་ཐག་རིང་བའི་ལམ་གྱི་མཐུན་གྲོགས་དང་ལྷན་དུ། མི་ཚེའི་ཕུགས་བསམ་གླེང་ཞོར། སློབ་ཆེན་གྱི་འཚོ་བ་འདི་འཛུམ་གྱིས་བསུ་བཞིན་ཡོད།