༄༅། ལས་འཕྲོ་མེད་པའི་ཆུང་འདྲིས་།
ཆུང་འདྲིས་བྱམས་པ་ཟེར་བ། །
སེམས་ལ་ཐོགས་པའི་མི་རེད། །
ལས་ཀྱིས་མཉམ་དུ་མ་འཛོམས། །
དྲན་གདུང་གཙག་གིས་གཙེས་བྱུང་། །
དགུང་གི་ཟླ་བ་ཡིན་ན། །
སྤྲིན་པ་ཡལ་བར་སྒུག་ཆོག །
སྤང་གི་སེར་ཆེན་ཡིན་ན། །
དབྱར་ཟླ་ཤར་བར་སྒུག་ཆོག །
ལས་འཕྲོ་མེད་པའི་ཆུང་འདྲིས། །
སྒུག་དང་མ་སྒུག་མེད་ཀྱང་། །
སེམས་ལ་ཐོགས་པའི་མི་དེ། །
སེམས་ནས་བསུབ་ཐབས་མི་འདུག །
ཆུང་འདྲིས་ཆུང་འདྲིས་ཟེར་བ། །
ཁ་འབྲས་མཚར་པོ་མེད་ཀྱང་། །
ཆུང་ཆུང་བྱིས་པའི་དུས་ནས། །
འདྲིས་ཤིང་འགྲོགས་པའི་མི་རེད། །
བྲིས་པའི་ཡི་གེ་ནག་ཆུང་། །
དྲི་བཞོན་རླུང་ལ་སྐུར་ཆོག །
སེམས་ལ་ཟུག་པའི་བརྩེ་བ། །
བསུབ་ཀྱང་ཟུབ་ཐབས་མི་འདུག །
ཉོས་པའི་གཟི་བྱུར་རྒྱན་ཆ། །
གོང་ཐང་རྒྱུ་ཡིས་འཇལ་ཆོག །
ལས་འཕྲོ་ཟད་པའི་མི་ལ། །
འཕྲད་ཡོང་བསམ་པ་མི་འདུག །
ཟླ་འོད་མཚོ་ལ་ཕོག་དུས། །
ཁྱོད་ཞལ་ཡིད་ལ་འཁོར་བྱུང་། །
མཚན་མོའི་རྨི་ལམ་ནང་དུ། །
ཆུང་འདྲིས་མཇལ་བ་རྨིས་བྱུང་། །
ཁུ་བྱུག་གསུང་སྙན་ཐོས་དུས། །
ཁྱོད་ཀྱི་སྙིང་གཏམ་དྲན་བྱུང་། །
སྙིང་ནས་བཤད་པའི་སྐད་ཆར། །
འགྱུར་བ་མེད་ན་དགའ་བ། །
ནེའུ་གསིང་མེ་ཏོག་ཚལ་དུ། །
རྐང་དྲུག་བུང་བ་འཁོར་འཁོར། །
ཆུང་འདྲིས་ཁྱོད་ལ་འཁོར་ཡང་། །
ལས་འཕྲོ་མེད་པས་སྐྱོ་བྱུང་། །
༄༅་། དམ་བཅའ་བྲག་རིས་མ་།
སེམས་ཀྱི་ཞིང་ཐང་གྲུ་བཞིར། །
བརྩེ་སེམས་སྙེ་མས་གང་སོང་། །
མི་ཁའི་ཁ་བ་བུ་ཡུག །
བབས་ཀྱང་སེམས་ཁྲལ་མི་འདུག །
དམ་ཚིག་སེམས་ཀྱི་རི་མོ། །
འགྱུར་མེད་རྡོ་ལ་བརྐོས་ཡོད། །
ལོ་ཟླའི་དུས་ཚིགས་འགྱུར་ཡང་། །
ཐུགས་ཁྲལ་གནང་དགོས་མི་འདུག །
དུང་བ་གཡུ་ཡི་མཚོ་མོ། །
ཡིད་ཀྱི་དབུས་སུ་འཁྱིལ་ཡོད། །
གྲང་ལྷགས་གཙག་གིས་གཙེས་རུང་། །
མཚོ་མདོག་ག་ལ་འགྱུར་བ། །
མི་ཚེའི་ལྗོན་ཤིང་ཕྲ་མོ། །
རྒས་ནས་གོག་པོར་གྱུར་ཀྱང་། །
བརྩེ་སེམས་འདབ་མའི་ཁ་དོག །
གཞན་ལ་སྨོན་དགོས་མི་འདུག །
ཡིད་ཀྱི་བྱིའུ་ཆུང་འཇོལ་མོ། །
ལྗོན་པའི་གསེབ་ལ་ཕེབས་དང་། །
ང་གཉིས་སེམས་པ་འདྲེས་ནས། །
བདེ་སྐྱིད་འཚོ་བར་རོལ་ཆོག །