མི་ནི་འཇིག་རྟེན་དུ་བསླེབས་པ་ནས་བཟུང་འཚོ་གནས་བྱེད་དགོས་པས། འཚོ་གནས་བྱེད་པར་འཚོ་བའི་མཐུན་རྐྱེན་སྣ་ཚོགས་དགོས་པར་བརྟེན། མི་རྣམས་ངེས་པར་དུ་ལས་ཀ་བྱེད་དགོས་པ་ནི་འཚོ་གནས་ཀྱིས་དཀྲིས་པའི་ལས་འགན་ཞིག་རེད། ལས་ཀ་ལ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་ཡོད་ན་ཡང་། གཞན་ཕན་གྱི་བྱ་བ་མཐའ་དག་ཡག་པོ་དང་། གཞན་ལ་གནོད་པའི་བྱ་ངན་མཐའ་དག་མི་ལེགས་པ་ཡིན་ཞིང་། གཞན་ལ་མ་གནོད་ཅིང་རང་ལ་ཕན་ཐོགས་ཡོད་པའི་བྱ་བ་དེ་ཚོ་ཡང་ལེགས་པར་བརྩི་ཆོག་པ་རེད། ཡིན་ན་ཡང་། ད་ལྟའི་མི་མང་པོས་ལས་ཀ་ནི་དཀའ་སྡུག་གི་རིགས་ཤིག་ལ་ངོས་འཛིན་པ་དང་ལས་ཀ་མེད་པར་ཉིན་གང་ལྟད་མོ་ལྟ་བ་དང་། རྩེད་མོ་རྩེ་བ། བཟའ་བཏུང་ལ་རོལ་བ་སོགས་ནི་བདེ་སྐྱིད་དུ་ངོས་འཛིན་གྱི་ཡོད།
ལས་ཀ་ཁོ་ན་བྱས་ཏེ་མ་བསྡད་པར་ངལ་གསོ་རྒྱག་དགོས་ལ། ཇ་ཁང་དང་ཟ་ཁང་སོགས་སུ་འཛོམས་ནས་ཞིམ་པོའི་ཟས་དང་མངར་མོའི་ཇ། སྙན་པོའི་གཏམ་སོགས་ནི་ང་ཚོའི་འཚོ་བའི་ནང་ཡོད་དགོས་པ་དང་ཡོད་ཆོག་པ་ཞིག་ཡིན་པར་མ་ཟད། འགྲན་རྩོད་ཛ་དྲག་གི་འཚོ་བའི་གར་སྟེགས་སུ་ནམ་ཡང་མེད་དུ་མི་རུང་བའི་ངལ་གསོའི་རྣམ་པ་བཟང་པོ་ཞིག་རེད། ཡིན་ན་ཡང་། ཉིན་གང་ངམ་ཉིན་ལྟར་ལས་མེད་དལ་སྡོད་ཁོ་ནར་གོམས་ཏེ། རྒྱུན་གཏན་གྱི་ཁྱིམ་ལས་ཙག་ཙིག་དང་། རང་ལ་འཁྲི་བའི་འགན་འཁྲི་དོར་ནས། ལངས་མ་ཐག་ནས་ཇ་ཁང་ཆང་ཁང་དུ་འཛོམས་ཤིང་། ཁྱིམ་དུ་སླེབས་མ་ཐག་ནས་ཉལ་རན་པའི་འཁྱམ་པོ་དེ་རིགས་ནི་ངལ་རྩོལ་འབྲས་བུ་ལོངས་སུ་སྤྱོད་ཀྱིན་དུ་ངལ་རྩོལ་མི་བྱེད་པའི་མི་སྒྱིད་ལུག་ཅན་ཤ་སྟག་ཡིན་ལ། མི་དེ་རིགས་ནི་མི་ཚེ་སྟོང་ཟད་དུ་གཏོང་བའི་གཞན་བརྟེན་སྲིན་འབུའི་རིགས་སུ་གཏོགས་པ་ཡིན།
ཉིན་ལྟར་གླིང་ག་དང་ཇ་ཁང་ཆང་ཁང་ཁོ་ན་འགྲིམས་པའི་མི་ནི། ཁྱིམ་ཚང་གི་ཐོག་མའི་རྨང་གཞི་ག་ཚོད་ལེགས་ན་ཡང་། རང་ལ་ངལ་རྩོལ་བྱེད་པའི་གོམས་གཤིས་མེད་པ་དེས། ནམ་ཡང་མར་འགྲོ་ཡིན་པ་དང་ཐ་ན་བུ་ལོན་མང་པོའི་བདག་པོར་གྱུར་པའི་ཉེན་ཁ་ཡོད། གཏམ་དཔེར་ཡང་། མི་ཐོག་ཟས་ནས་མ་ཕུང་ཉལ་ནས་ཕུང་ཟེར་བ་ལྟར། གོས་ལེགས་པོ་གྱོན། ལྟོ་ཞིམ་པོ་ཟས་ནས་ཕུང་མི་སྲིད་པར། ཟས་ནས་ལས་ཀ་མ་བྱས་ན་ཕུང་རྒྱུ་ཡིན་པའི་དོན་དངོས་བསྟན་པ་རེད། དེ་ཡང་བཟས་ནས་ལས་ཀ་བྱས་ན། ལས་ཀར་དཔག་པའི་ཐོབ་བྱ་ལེན་རྒྱུ་ཡོད། གལ་ཏེ་ལས་ཀ་མ་བྱས་ན་ཟས་གྲོན་གོས་གྲོན་གཏོང་བ་ལས་ཚུར་ཡོང་སྒོ་རྩ་བ་ནས་མེད་པས། རི་བོ་བདག་ཏུ་བཟུང་ཡོད་ཀྱང་ནམ་ཞིག་རྫོགས་འགྲོ་བ་བརྗོད་མེད་རེད།
གཞན་བརྟེན་སྲིན་འབུ་ཞེས་པ་ནི། གཞན་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་མཁན་ལ་ཟེར་བ་དང་། རང་ཉིད་ཀྱིས་ལས་ཀ་འཇོན་པའི་དུས་སུའང་། ཕ་མའི་ཆ་རྐྱེན་དང་ཕ་མ་སྤུན་མཆེད་བཟང་པོས་གནང་བའི་དངུལ་ལོར་བག་མེད་དུ་སྤྱད་དེ། ཉིན་གང་འཁྱམ་མྱུལ་གྱི་འཚོ་བ་སྐྱེལ་མཁན་ཚང་མར་མིང་དེ་འོས་ཤིང་འཚམ། ད་དུང་ལག་པ་གཞུང་དང་གཞན་ལ་གཟེད་དེ། གང་དགའ་གང་སྐྱིད་ཀྱི་འཚོ་བ་བསྐྱལ་ནས་ནམ་ཡང་རང་གི་ལག་པ་གཉིས་ལ་བརྟེན་ནས་ལངས་མེད་པ་དང་ལངས་རྩིས་མེད་པ་ཚང་མར་གཞན་བརྟེན་སྲིན་འབུ་ཞེས་སྤྱི་ཚོགས་ཐོག་ནས་དམའ་འབེབས་ཇི་ལྟར་བྱས་ན་ཡང་བྱས་མ་ཆོག་པ་ཅི་ཡང་མིན། གོམས་གཤིས་ངན་པ་དེ་རང་ཉིད་ལ་ཡོད་པ་ཙམ་མ་ཟད། རང་གི་བུ་རྒྱུད་ལའང་འཇགས་འགྲོ་ཡི་ཡོད། མ་ཟད་དབང་པོ་ཡན་ལག་ཚང་བ་དང་། ན་སོ་དར་ལ་བབས་པའི་སྤྲང་པོ་དེ་དག་ལའང་གཞན་བརྟེན་སྲིན་འབུ་ཞེས་འབོད་ཆོག་པ་སྟེ། དེ་དག་ཚང་མས་རང་ཉིད་ཀྱི་ནུས་ཤུགས་དེ་མུར་བཞག་ནས། དཀའ་ལས་རྒྱག་མཁན་གཞན་གྱི་འབྲས་བུ་སློང་གི་ཡོད། དེ་ཚོ་ཚང་མར་ངལ་རྩོལ་བྱེད་པའི་ནུས་པ་ཡོད་ན་ཡང་། ལས་མེད་དལ་སྡོད་དུ་གོམས་པའམ་གཞན་ལ་བརྟེན་མང་བའི་དབང་གིས་སྐྱག་ལངས་ཤོར་བས། ལངས་ཤོར་རྟ་ཕོ་འཛིན་པར་དཀའ་ཞེས་པ་ལྟར། ལངས་ཤོར་གོམས་ངན་བསྒྱུར་བར་ཧ་ཅང་ཁག་པོ་ཡོད།
རྒྱལ་ཁབ་ཅིག་དང་ཁྱིམ་ཚང་ཞིག་གི་ཕྱི་ནང་གང་དུའང་། ཟས་གོས་དང་རྒྱུ་དངོས་དཔལ་འབྱོར་ཅི་ཞིག་ཡོད་པ་ཚང་མ་ངལ་རྩོལ་གྱི་འབྲས་བུ་ཡིན་པ་ལས། མཛོད་ཁང་ནས་རང་བཞིན་དུ་སྐྱེས་པ་གཅིག་ཀྱང་མེད་ལ། འཛམ་གླིང་ཐོག་ཏུ་ཡོད་པའི་དངོས་གཟུགས་དང་། མཁོ་ཆས་ཚང་མ་ངལ་རྩོལ་པས་གསར་གཏོད་བྱས་པ་ཤ་སྟག་ལས། རྒྱུ་མེད་རྐྱེན་མེད་དུ་བྱུང་བ་གཅིག་ཀྱང་མེད། ངལ་རྩོལ་ལ་བརྟེན་ནས་ཞིང་འབྲོག་པས་ལོ་འབྲས་བསྡུ་བཞིན་ཡོད། ངལ་རྩོལ་ལ་བརྟེན་ནས་ཁེ་ལས་པས་དཔལ་འབྱོར་དར་རྒྱས་བཏང་ཡོད་ལ། ངལ་རྩོལ་ལ་བརྟེན་ནས་ལས་བྱེད་པས་ལས་རིགས་སྣ་ཚོགས་སུ་ཕུགས་འདུན་མངོན་འགྱུར་བྱེད་བཞིན་མཆིས།
མི་ཚང་མ་ངལ་རྩོལ་ལ་བརྟེན་ནས་འཚོ་གནས་བྱེད་པར་བསམས་ན། ངལ་རྩོལ་ལ་མི་དགའ་བའི་མི་ནི་འཚོ་གནས་ལ་འགན་མི་འཁུར་བའི་མི་ཞིག་ཡིན་པ་དང་། ངལ་རྩོལ་མི་བྱེད་པའི་མི་ནི་འཚོ་གནས་བྱེད་མི་ཤེས་པའི་མི་རུ་བརྩི་ཆོག ངལ་རྩོལ་ལས་མཁས་པ་བྱུང་ཞིང་། ངལ་རྩོལ་ལས་ཕྱུག་པོ་བྱུང་ལ། ངལ་རྩོལ་ལས་གསར་གཏོད་པ་བྱུང་ཞིང་། ངལ་རྩོལ་ལས་སྒྱུ་རྩལ་པ་བྱུང་བས། ངལ་རྩོལ་ནི་ཡོད་ཚད་ཀྱི་འབྱུང་ཁུངས་འབའ་ཞིག་རེད།
ངལ་རྩོལ་ནི་གཟི་བརྗིད་ཡིན་ཞེས་གསུངས་པ་དང་། ངལ་རྩོལ་ལས་མིའི་རིགས་བྱུང་བ་རེད་ཅེས་གསུངས་པ་ནི། གང་དྲན་དུ་བཤད་པ་ཞིག་མ་ཡིན་ལ། ངལ་རྩོལ་ནི་འཚོ་གནས་ཀྱི་ཀ་བ་ཡིན་པ་ང་ཚོས་ཤེས་པར་བྱེད་དགོས། དཀའ་བའི་ལས་ཤིག་མ་བྱས་ན། ཞིམ་པའི་ཟས་ཤིག་ག་ལ་འབྱུང་ཞེས་པ་དང་། གཟར་མོའི་བྲག་ལ་མ་འཛེགས་པར། བདེ་མོའི་ཐང་ལ་སླེབས་མི་ཐུབ་ཟེར་བ་ཚང་མ་ངལ་རྩོལ་བྱེད་དགོས་པའི་སྡོམ་ཚིག་ཏུ་བགྲང་རུང་བ་དང་། དཀའ་ལས་སྔོན་ལ་བརྒྱབ། འབྲས་བུ་རྗེས་ལ་འབྱུང་། དཀའ་ལས་མ་བརྒྱབ་པར། འབྲས་བུ་ག་ལ་འབྱུང་ཟེར་བ་སོགས་ནི། ང་ཚོར་སྔོན་ལ་དཀའ་ལས་རྒྱག་དགོས་པའི་གལ་ཆེའི་རང་བཞིན་བསྟན་ཡོད་པས། ཉིན་ལྟར་ལས་མེད་དལ་སྡོད་ཁྲོད་མི་ཚེ་མ་སྟོངས་པར་ལས་ཀ་ཞིག་བྱེད་དགོས་པ་ནི་ང་ཚོ་ལས་ཀ་བྱེད་ཐུབ་པའི་མི་ཚང་མའི་འགན་ཞིག་ཡིན་པས། ཉིན་ལྟར་འཁྱམ་མྱུལ་མ་བྱེད་ཅེས་ཇུས་མེད་ཇུས་གཏོགས་བྱེད་པར་ལན་རེ་ཐལ་བས། ཁམས་དང་མོས་པ་མེད་ན་མ་གོ་བ་ལྟར་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ན་ཆོག་གོ