དབྱར་དཔལ་ཡོན་རྣམ་པར་རྒྱས་དུས་དེར། །
དབྱར་ཟླ་གསུམ་མེ་ཏོག་འཛུམ་དམུལ་དམུལ། །
དབྱར་ལྗོངས་རྣམ་མཛེས་པོ་མིག་གི་བཅུད། །
དབྱར་གླིང་ཁ་གཏོང་དུས་སྣང་བ་སྐྱིད། །
དེ་ལྟ་ན་སྐད་ཅིག་སྐད་ཅིག་ལ། །
དེ་འདྲ་ཡི་མཛེས་ལྗོངས་ཡལ་གྱུར་ནས། །
དེའི་རྗེས་ལ་མ་བོས་མགྲོན་པོ་སྟེ། །
དེ་སྐད་དུ་སྟོན་ཟླ་མྱུར་བར་འོང་། །
ལྗང་ཐིང་ཐིང་ནོར་འཛིན་བུ་མོ་ཡིས། །
རླུང་བསིལ་པོའི་རྒྱུན་དང་བསྡོངས་གྱུར་ནས། །
མིག་ཡུད་ཙམ་ཞིག་ལ་དེ་ཡི་ལུས། །
གསེར་ན་བཟའ་སེར་པོས་ཡོངས་སུ་མནབས། །
ང་སླེབས་པ་གང་གི་ཕྱོགས་སུ་སླེབས། །
མཐའ་མི་མངོན་ཞིང་ཐང་མུ་ཁར་བསླེབས། །
རླུང་བསིལ་པོ་ཤག་ཤག་སྒུལ་བ་ན། །
འབྲུ་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ། །
རྒྱ་ཆེ་བའི་ཞིང་ཐང་གྲུ་བཞི་རུ། །
སྐྱེས་ཡག་པ་ལོ་འབྲས་མགོ་བོ་དུད། །
སྐྱེས་བཟང་བའི་གྲོ་ནས་སྙེ་མ་ཡིས། །
སོ་ནམ་པའི་བརྔ་བསྡུར་སྒུག་དང་འདྲ། །
བཞིན་འཛུམ་མདངས་རྒྱས་པའི་སོ་ནམ་པས། །
གཞས་སྙན་མོ་དབྱངས་སུ་བཀུག་གྱུར་ནས། །
ཟོར་ཚེས་བརྒྱད་ཟླ་དང་འཕྲུལ་འཁོར་གྱིས། །
གསེར་སེར་པོའི་ནས་ཞིང་སྐྲ་ལོ་གཅོད། །
འབྲུ་དཀར་མོ་ནས་དང་གྲོ་སྲན་གྱིས། །
ཆེ་བང་མཛོད་བྱུར་བུར་འགེངས་པ་ཡི། །
དོག་དྲགས་པའི་སྣང་བ་སྟེར་བ་འདིས། །
ཕ་ཨ་ཁུའི་བཞིན་རས་འཛུམ་གྱིས་ཁེངས། །
ང་སླེབས་པ་གང་གི་ཕྱོགས་སུ་སླེབས། །
ཡངས་ཤིང་འབྲས་ར་བའི་ནང་དུ་བསླེབས། །
མངར་ཀུ་ཤུ་ཁམ་བུ་སྟར་ཁ་སོགས། །
མང་ཤིང་ཏོག་སྣ་ཚོགས་ལང་ཚོ་ངོམས། །
མངར་ཀུ་ཤུའི་མཁུར་ཚོས་དམར་བ་དང། །
རྒྱགས་ཁམ་བུའི་ལུས་ཤ་རྒྱས་པ་སོགས། །
འབྲས་ཤིང་ཏོག་ཚོགས་ཀྱི་ལང་ཚོ་ཡིས། །
མང་སྐྱེ་བོ་ཟ་འདོད་འགྲམ་ཆུ་ཤོར། །
འབྱུང་རྩིས་ཀྱི་རྩིས་འབྲས་ལས་གསལ་བར། །
སྟོན་འབྲིང་པོར་ལྷོ་རིའི་རྩེ་མོ་ནས། །
འཚེར་སྐར་མ་རྀ་ཥི་ཤར་བའི་ཚེ། །
ཆུ་ཐམས་ཅད་བདུད་རྩིར་གྱུར་ཏོ་ཟེར། །
ང་སླེབས་པ་གང་གི་ཕྱོགས་སུ་སླེབས། །
སྐད་སྙན་པའི་ཆུ་ཕྲན་འགྲམ་དུ་བསླེབས། །
ཆུ་ཡན་ལག་བརྒྱད་ལྡན་འགྲམ་དུ་བསླེབས། །
སྐྱེས་ཕོ་མོ་རྒན་གཞོན་འདུས་པ་མཐོང་། །
ཁོང་རྣམས་ཀྱིས་ལུས་ཀྱི་ནག་ནོག་དང་། །
གོས་མི་གཙང་བ་ཡི་དྲི་མ་དག །
སེམས་ཞིབ་མོས་འཁྲུད་པའི་ངང་ཚུལ་དེས། །
ཆབ་ཞུགས་ཀྱི་དུས་འདི་ཤིན་ཏུ་སྐྱིད། །
སྟོན་ཟླ་གསུམ་སྣང་བ་སྐྱིད་དུས་རེད། །
ལུག་གཡང་དཀར་ཤ་ཤེད་རྒྱས་དུས་རེད། །
མར་ཕྱུར་བའི་རྩིག་པ་རྩིག་དུས་རེད། །
འབྲོག་ཨ་ཁུའི་འཛུམ་མདངས་རྒྱས་དུས་རེད། །
སྟོན་ཟླ་གསུམ་ལོ་ལེགས་དུས་བཟང་རེད། །
འབྲུ་སྣ་ལྔས་བང་མཛོད་རྒྱོང་དུས་རེད། །
སྟོན་ཟླ་གསུམ་དཀར་ཆུ་འབེལ་དུས་རེད། །
ཞོ་འོ་མའི་རྒྱ་མཚོ་འཁྱིལ་དུས་རེད། །