འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》དྲིལ་བསྒྲགས་དང་གསལ་འགྲེལ་བྱས་པ། ཚོགས་ཞུགས་གཉེར་སྐྱོང་བྱེད་པོ་དང་ལྗོངས་ཐད་གཏོགས་སྡེ་ཚན་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྲིད་ཇུས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་སྣེ་འདྲེན་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཆེད་ལས་མཉམ་ལས་ཁང་གིས་ཞིང་པ་དང་མཉམ་འདྲེས་དང་ཞིང་པར་སྐུལ་ཁྲིད་བྱེད་པ། ཁྱིམ་ཚང་ཞིང་འབྲོག་ར་ཚད་ལྡན་ཅན་གྱི་སྒོ་ནས་འཕེལ་རྒྱས་གཏོང་བ་བཅས་ལ་ལྕག་སྐུལ་བྱེད་དགོས། རྒྱ་ཆེའི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པས་གོ་སྐབས་ཡག་པོ་དམ་འཛིན་བྱས་ཏེ་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གསར་གཏོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཁྲོམ་ར་གསར་འབྱེད། ཞིང་པ་དང་མཉམ་འདྲེས་དང་ཞིང་པར་སྐུལ་ཁྲིད་བཅས་ལ་མཐོང་ཆེན་བྱས་ནས་ཞིང་འབྲོག་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།