ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཆུ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དཔེ་དེབ་དེ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
ཆུ་ནི་སྐྱེ་དངོས་ཐམས་ཅད་ཀྱི་སྲོག་བརྟེན་དང་། འཚོ་གནས་ཀྱི་རྩ་བ། ཤེས་དཔལ་གྱི་འབྱུང་ཁུངས་བཅས་ཡིན། ཆུ་བཅོས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་འཕེལ་རྒྱས་དང་རྒྱལ་ཁབ་གཅིག་གྱུར་དང་དར་རྒྱས་ཡོང་བར་གལ་འགངས་ཆེན་པོ་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་དང་སྤྱི་ཡོངས་ཀྱི་ཟུར་ཚད་ཐོག་ནས་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་། དམངས་འཚོ་གལ་ཆེར་འཛིན་རྒྱུ་དང་ཆུ་བཅོས་སྐྱོང་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། “ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས་ཡོང་བ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་སྐྱོང་གི་བསམ་ཕྱོགས་ཁ་གསལ་བཟོ་བ། ཆུའི་གནོད་འཚེ་འགོག་བཅོས་དང་། ཆུའི་ཐོན་ཁུངས་གྲོན་ཆུང་། ཆུའི་སྐྱེ་དངོས་སྲུང་སྐྱོང་དང་སླར་གསོ། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཆུ་བཅོས་སྐྱོང་གིས་རྒྱལ་ཁབ་བདེ་འཇགས་ཡོང་བ་དང་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་དང་སྲུང་སྐྱོང་གིས་མི་དམངས་ལ་ཕན་བདེ་སྐྲུན་པའི་ལས་དོན་སྤེལ་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་ཆུ་བཅོས་སྐྱོང་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་པས་དུས་རབས་གསར་པའི་རྒྱང་ལམ་གསར་པར་ཆུའི་གནོད་འཚེ་དང་། ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅས་ཀྱི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། ཆུའི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་ཡག་པོ་བྱེད་པ། “མི་དང་ཆུ་ཞི་མཐུན”ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
《རྣམ་བཤད་གནད་བསྡུས》ལ་ཆེད་དོན་6ཏུ་ཕྱེ་ནས་ཁྱོན་རྒྱས་བཤད་དུམ་བུ་297ཡོད་པ་དེ་དག་2012ལོའི་ཟླ་12པ་ནས་2024ལོའི་ཟླ་8པའི་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་སྙན་སྒྲོན་དང་། གསུང་བཤད། གཏམ་བཤད། ཤིས་ཚིག འཕྲིན་ལན། མཛུབ་སྟོན། བཀའ་མཆན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་བཏུས་པ་རེད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད། (བདེ་སྐྱིད་ཀྱིས་བསྒྱུར། ཚེ་ལྷ་དང་བདེ་སྐྱིད་ཀྱིས་ཞུས)