《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月08日

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དམངས་འཚོ་ནི་གལ་ཆེ་ཤོས་ཡིན།

འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་མི་དམངས་སྐོར་ཁག་46གླེང་ནས“མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པའི”མདུན་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་པ་དང་། “སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ” མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་རྒྱུན་ཆད་མེད་པར་སྐོང་དགོས་པའི་ནན་བཤད་བྱས་ཡོད།

དམངས་འཚོ་ནི་ཆབ་སྲིད་ཆེ་ཤོས་ཡིན་ཞིང་། རང་རེའི་ཏང་དང་སྲིད་གཞུང་གིས་ལས་དོན་མཐའ་དག་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་མི་དམངས་རྣམས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཞིག་རེད། མི་དུང་ཕྱུར་14ལྷག་ཙམ་གྱི་ཟ་མ་ཟ་བའི་གནད་དོན་ཐག་གཅོད་བྱེད་པ་ཁོ་ན་འགྲན་སློང་ཆེན་པོ་ཞིག་རེད། ད་དུང་ལས་ཞུགས་དང་། བགོ་བཤའ། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ། བུ་བཅོལ་སོགས་ཀྱི་གནད་དོན་གང་རུང་ཐག་གཅོད་བྱེད་པ་ནི་ལས་སླ་པོ་ཞིག་མིན་ལ། གནད་དོན་གང་རུང་དང་འབྲེལ་བ་ཡོད་པའི་མི་ཚོགས་ནི་གྲངས་ལས་འདས་པ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་དམངས་འཚོའི་གནས་ཚུལ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་འབྱོར་འབྲིང་མངོན་འགྱུར་བྱུང་བ་ནས། འཛམ་གླིང་ཐོག་གི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་མྱུར་བགྲོད་གཞུང་ལམ་དྲ་བ་ཆེ་ཤོས་བསྐྲུན་པའི་བར་དང་། དེ་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་པའི་བར། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

སྒྱུར་བཅོས་ནི་སྣེ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་ན་ཡང་མཐར་གཏུགས་ནས་བརྗོད་ན“མི”རང་དང་འབྲེལ་བ་ཡོད། མི་དམངས་རྣམས་འཚོ་བ་སྐྱིད་པོ་ཡོད་མེད་དང་མང་ཚོགས་བློ་ཡིད་ཚིམ་མིན་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱིས་ང་ཚོའི་ལས་ཀ་དེ་གནད་ལ་འཁེལ་མིན་ཤན་འབྱེད་བྱེད་པའི་ཚད་གཞི་ཞིག་རེད། ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། སློབ་གསོ་ནི་དམངས་འཚོའི་རྨང་གཞི། བགོ་བཤའ་ནི་དམངས་འཚོའི་འབྱུང་ཁུངས། སྤྱི་ཚོགས་འགན་སྲུང་ནི་དམངས་འཚོའི་བརྟེན་ས། བརྟན་ལྷིང་ནི་དམངས་འཚོའི་སྲུང་ཡོལ་བཅས་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། ཏང་ཡོན་དང་ལས་བྱེད་པས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ལས་དོན་ཁག་གི་གནས་བབ་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རིང་མི་དམངས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཡུན་རིང་གི་ཁེ་ཕན་བཅས་ནས་འགོ་བརྩམས་ཏེ་སྒྱུར་བཅོས་ཀྱི་བསམ་ཕྱོགས་ཇུས་འགོད་དང་། སྒྱུར་བཅོས་བྱེད་ཐབས་བཟོ་བ། ཆེ་རྩིས་དང་། སྡོམ་རྩིས། ཕུགས་རྩིས་བཅས་རྒྱག་མཁས་པོ་བྱེད་པ། མི་སེར་གྱིས་གང་ཞིག་ལ་དོ་སྣང་དང་གང་ཞིག་ལ་རེ་སྒུག་བྱེད་པར་སྒྱུར་བཅོས་བྱེད་སྐབས་དེར་དམ་འཛིན་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་བརྒྱུད་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་གཏོང་དགོས།

དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ནམ་ཡང་ཚར་དུས་མེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བར་དམིགས་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་པ་མཐའ་འཁྱོངས་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པ། དོན་ཆུང་དང་ལས་ཀ་ཞིབ་ཕྲ་ནས་འགོ་འཛུགས་པ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་བ། མི་སེར་གྱི་ལས་ཀ་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། ལས་ཞུགས་ལས་གཏོད་རྒྱ་ཆེར་གཏོང་བ་དང་། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ། བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། གཞི་ཆེའི་གྲངས་གཞི་དང་གཞི་ཆུང་མྱོང་ཚོར་གྱི“ཤུགས་ཁྱད”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ལ་བརྟེན་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་པོ་ཐོབ་པར་བྱེད་དགོས། (ཞུས་ཞའོ་ཅོན)

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)