འབྲོག་ལས་ནི་འབྲོག་ཁུལ་གྱི་ཀ་རྟེན་ཐོན་ལས་དང་། སྲོག་རྩའི་ཐོན་ལས། ཐོན་ལས་ཨ་མ་བཅས་ཡིན། འོ་ན་འབྲོག་ལས་ལ་བརྟེན་ནས་འབྲོག་པར་དངོས་འབྲེལ་ཕན་པ་ཇི་ལྟར་ཐོབ་པར་བྱེད་དགོས་སམ། འདམ་གཞུང་རྫོང་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོར་རང་བྱུང་སྐྱེ་ལྡན་འབྲོག་ར་ཡོད་པ་དང་། ཨ་ར་འདམ་ར་དང་མཚོ་བོད་གཞུང་ལམ་དང་ཐག་ཉེ་བ་མ་ཟད། དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆ་ལས་གནོད་མེད་སྐྱེ་ལྡན་གྱི་འདམ་གཞུང་གི་ཚགས་ཤ་ཐོན་པ་དེ་ནི་མིང་དོན་མཚུངས་པའི་ཐོན་རྫས་ཡག་པོ་ཞིག་རེད། ཐོན་རྫས་ཡག་པོར་རིན་གོང་བཟང་པོ་ཇི་ལྟར་རག་པར་བྱེད་པའི་ཐད་འདམ་གཞུང་རྫོང་གིས་གནོད་མེད་སྐྱེ་ལྡན་གྱི་འབྲོག་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས་མོད། འོན་ཀྱང་དེ་ཙམ་གྱིས་མི་ཆོག ཐུན་མོང་མ་ཡིན་པའི་ཕྱུགས་རྒྱུད་ཐོན་ཁུངས་དང་། གནོད་མེད་སྐྱེ་ལྡན་རྩྭ་ར། སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་སོགས་ལེགས་ཆའི་ཐོན་ཁུངས་ཚང་མ་ཐོན་རྫས་འཚོང་བའི་མཐུན་རྐྱེན་ཤ་སྟག་ཡིན་པ་དང་། ལེགས་ཆ་དེ་དག་ཚང་མ་བསྡུ་སྒྲིལ་བྱ་རྒྱུ་ནི་འདམ་གཞུང་གི་ཚགས་ཤ་འཚོང་བའི་ཐབས་ལམ་ཡག་ཤོས་དེ་རེད། ཐབས་ལམ་དེ་སྤྱོད་པར་གཙོ་བོ་ལས་སྣོན་ཞིབ་ཚགས་བྱས་ནས་ཚགས་ཤའི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག ཐོན་རྫས་ཡག་པོར་རིན་གོང་མཐོ་པོ་རག་པར་བྱས་ཏེ་འབྲོག་པ་དེ་བས་མང་བར་ཕན་པ་ཐོབ་པར་བྱ་རྒྱུ་ནི་སྨོས་མེད་ཅིག་རེད། དེ་ལྟར་བྱས་ཚེ་འདམ་གཞུང་གི་གནོད་མེད་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས་ཀྱི“གསེར་གྱི་མིང་བྱང”དེ་བས་བཀྲག་མདངས་ལྡན་པར་འགྱུར་ངེས།