འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་གདོང་ཆུས་མི་སྤྱི་ཅུས་དང་། ཁྲལ་དོན་ཅུས། ཞིང་ལས་དངུལ་ཁང་སྣེ་གདོང་ཉིང་ལག་དངུལ་ཁང་བཅས་གདན་དྲངས་ནས“དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་ནུས་པ་གསར་པ་འདོན་རྒྱུར་རམ་འདེགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམངས་གཉེར་དཔལ་འབྱོར་གྱི་འཆད་སྟེགས་ཆེན་མོའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་འཆད་སྟེགས་ཆེན་མོའི་ཐོག་གནས་ཐང་འཕར་ཁྲལ་གྱི་འབྲེལ་ཡོད་སྲིད་ཇུས་དང་། ལས་ཞུགས་ལས་གཏོད་སྲིད་ཇུས། སྤྱི་ཚོགས་འགན་བཅོལ་སྲིད་ཇུས། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་སྐྱེད་སྤྲོད་སྲིད་ཇུས་སོགས་སྐོར་ལ་གསལ་འགྲེལ་བྱས་པ་དང་འབྲེལ་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐོན་རྫས་ཐད་སྒྲོག་འགྲེལ་ཡང་བྱས་པ་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྡེ་ཚན་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུར་མཉམ་ཤུགས་ཀྱིས་སྐུལ་འདེད་གཏོང་བ་མ་ཟད། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་དམངས་གཉེར་དཔལ་འབྱོར་སྲིད་ཇུས་གསར་ཤོས་ཁོང་དུ་ཆུད་པར་ཕན་བཏགས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་ཆེད་རེད།
རྒྱ་ཆེའི་ཚོགས་མིའི་ཁེ་ལས་ཀྱིས་སྲིད་ཇུས་སློབ་སྦྱོང་དང་། སྲིད་ཇུས་ཤེས་པ། སྲིད་ཇུས་སྤྱོད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་གོ་སྐབས་སྟངས་འཛིན་གྱིས་སྲིད་ཇུས་ཁྲོད་ནས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་དང་འཚམ་པའི་ཐབས་ལམ་དང་ཁ་ཕྱོགས་འཚོལ་ཞིབ་བྱ་རྒྱུ་དང་ཆབས་ཅིག་ནང་ཁུལ་དོ་དམ་དང་ནོར་དོན་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩས་ཁེ་ལས་ལ་ཕན་འདོགས་པ་དང་། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ། ལས་ཞུགས་ལས་གཏོད་སོགས་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གང་ལེགས་ཐུབ་པར་བྱ་རྒྱུ་དང་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ལམ་དང་བསམ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁེ་ལས་ལ་ལག་རྩལ་གསར་གཏོད་དང་ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་ནུས་གསར་པ་སྣོན་རྒྱུ། ཁ་དན་ཚིག་གནས་ཀྱིས་ཁྲིམས་སྲུང་གཉེར་སྐྱོང་དང་ཁྲིམས་ལྟར་འོས་འགན་ཁག་བསྒྲུབ་སྟེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ཁེ་ལས་ཀྱི་གཟུགས་བརྙན་དང་ཚོང་ལས་ཀྱི་མཚན་སྙན་བཟང་པོ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།