“སློབ་གྲྭར་ད་ཆ་སློབ་ཁྲིད་ཐོག་བརྩེགས་ཁང་གསར་རྐྱང་དང་། དེང་རབས་ཅན་གྱི་ཚོད་ལྟ་ཁང་། དཔེ་མཛོད་ཁང་སོགས་སྒྲིག་བཀོད་དང་སྒྲིག་ཆས་ཡོད་པས། ཕྲུ་གུ་ཚོས་སྐྱིད་སྣང་དང་བདེ་འཇགས་ལྡན་པའི་ཁོར་ཡུག་ནང་སློབ་སྦྱོང་བྱེད་པ་དང་། ཕུན་སུམ་ཚོགས་པའི་དཔེ་དེབ་ལྟ་ཆོག་པས། མིག་རྒྱང་ཡང་རིང་དུ་གཏོང་ཐུབ། ཚོད་ལྟ་ཁང་དུ་ཚོད་ལྟ་བྱེད་ཆོག་པས། ཚན་རིག་གི་ལྐོག་འགྱུར་ཤེས་རྟོགས་བྱེད་ཐུབ”ཅེས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་གླིང་མདའ་ཤང་སློབ་ཆུང་གི་མཐོ་རིམ་དགེ་རྒན་སློབ་སྤྱི་ཚེ་རིང་རྡོ་རྗེས་སློབ་གྲྭའི་འགྱུར་ལྡོག་སྐོར་བརྗོད།
1978ལོར་སྐྱེས་པའི་ཚེ་རིང་རྡོ་རྗེ་1999ལོར་ལས་ཀར་ཞུགས་ཚུན། གྲོང་གསེབ་སློབ་གསོའི་ལས་ལ་གཞོལ་ནས་ལོ་25སོང་ཡོད།
ཚེ་རིང་རྡོ་རྗེས“ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་འོད་ཟེར་གྲོང་གསེབ་ཀྱི་སློབ་མའི་མདུན་སྐྱོད་ལམ་བུར་འཕྲོས་ནས་ཁོང་ཚོར་ཟད་མཐའ་མེད་པའི་བདེ་སྐྱིད་སྦྱིན་ཡོད། རྒྱལ་ཁབ་ཀྱི་འཚོ་བཅུད་ལེགས་གཏོང་འཆར་གཞི་དང་། བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་དམིགས་པའི‘འགན་ལེན་གསུམ’གྱི་སྲིད་ཇུས། ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཆེན་སློབ་མའི་རོགས་སྐྱོར་སྲིད་ཇུས་སོགས་ཀྱི་ཕན་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཐོབ་ཡོད”ཅེས་བཤད།
ལོ་25ཡི་རིང་། ཚེ་རིང་རྡོ་རྗེས་སློབ་ཁྲིད་ལས་ལ་འབད་ནས་ས་མཐོའི་གྲོང་གསེབ་ཀྱི་སློབ་མ་ཚོའི་མི་ཚེའི་ཕུགས་བསམ་དོན་གཉེར་བྱས་ལ། ཕྲུ་གུ་གྲངས་མེད་ཀྱི་སློབ་བརྩོན་ལམ་བུར་དྲོ་སྐྱིད་ཀྱང་སྦྱིན་ཡོད།
ཚེ་རིང་རྡོ་རྗེ་ལས་ཀར་ཐོག་མར་ཞུགས་སྐབས། གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་དཀོན་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་རྗེས་ལུས་ཡིན་པ་བཅས་ཀྱི་གནས་ཚུལ་ད་བར་གསལ་པོར་ངེས་ནས་ཡོད། ཁོང་གིས་རྒྱུན་དུ་རྐང་ཐང་མར་རི་ཀླུང་བརྒལ་ནས་ཁྱིམ་བདག་ཚོར་ཁ་ཏ་བསླབ་བྱ་བྱས་ཏེ་སློབ་གྲྭའི་སློབ་ཁྲིད་བྱ་གཞག་བདེ་བླག་ངང་སྤེལ་ཐུབ་པ་བྱེད་ཀྱི་ཡོད། ཚེ་རིང་རྡོ་རྗེས“དཀའ་ལས་ཆེ་ཡང་། ཕྲུ་གུ་ཚོ་སྔར་རྒྱུན་བཞིན་སློབ་གྲྭར་ཡོང་བ་མཐོང་སྐབས། དཀའ་ལས་བརྒྱབ་རིན་ཆོག་བཞག་སྙམ་གྱི་འདུག”ཅེས་བཤད།
དགེ་རྒན་ཞིག་ཡིན་པའི་ཁོང་གིས་རང་འགུལ་ངང་སློབ་ཆུང་གི་བསམ་བློ་ཆབ་སྲིད་དང་ཨང་རྩིས་སོགས་སློབ་ཚན་མང་པོ་འཁྲིད་ཀྱི་ཡོད་ལ། ཕྲུ་གུ་ཚོའི་འཚར་ལོངས་ལ་དེ་བས་དོ་ཁུར་བྱེད་ཀྱི་ཡོད།
རྒན་ཚེ་རིང་རྡོ་རྗེས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་པ་མ་ཟད། ད་དུང་རྟག་ཏུ་ཁོང་ཚོར་སློབ་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད། ད་ཆ་ཕྲུ་གུ་མང་པོ་ཞིག་རང་གི་བློ་ལ་བསམས་པའི་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད།
གླིང་མདའ་ཤང་སློབ་ཆུང་ལོ་རིམ་བཞི་པའི་སློབ་མ་ཟླ་བ་སྒྲོལ་དཀར་གྱིས་སེམས་འགུལ་ཐེབས་བཞིན“རྒན་ལགས་ཁོང་ང་ཚོའི་པཱ་ལགས་དང་འདྲ་བར། ང་ཚོར་དཀའ་ངལ་འཕྲད་སྐབས་ཁོང་གིས་རོགས་རམ་གནང་གི་ཡོད་ལ། ང་ཚོར་སེམས་མི་སྐྱིད་པའི་གནས་ཚུལ་འཕྲད་སྐབས། ཁོང་གིས་དུས་ཐོག་ཏུ་སེམས་གསོ་གཏོང་བ་དང་སྐུལ་ལྕག་གནང་གི་ཡོད”ཅེས་བཤད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཚེ་རིང་རྡོ་རྗེས་དགེ་རྒན་ནི་སློབ་གྲྭ་འཛུགས་པའི་རྩ་བ་ཡིན་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་དེ་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་འཛུགས་རྒྱུར་ཐུག་པ་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན། ཚེ་རིང་རྡོ་རྗེས་དམིགས་ཚད་དེ་སློབ་གྲྭ་འཕེལ་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ལག་བསྟར་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཁོང་གིས་དགེ་རྒན་གྱི་གསོ་སྦྱོང་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་དང་ལས་སྒོའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་བཏོན་ནས་དགེ་རྒན་ཚོའི་སྣེ་འཁྲིད་དེ་བརྩོན་ཞིབ་གཏིང་ཟབ་དང་། སྤེལ་རེས་རྒྱ་ཁྱབ། སློབ་ཁྲིད་ཞིབ་འཇུག་ཧུར་ཐག་བཅས་བྱས་པ་མ་ཟད། དགེ་སློབ་ཆ་སྒྲིག་དང་སློབ་ཁྲིད་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལས་སྟེགས་ལ་བརྟེན་ནས། དགེ་རྒན་རྣམས་ལག་ལེན་ཁྲོད་སྦྱོང་བརྡར་ཐེབས་པ་དང་སློབ་སྦྱོང་ཁྲོད་འཚར་ལོངས་ཡོང་བ་བྱེད་ཀྱི་ཡོད།
ཚེ་རིང་རྡོ་རྗེའི་སྣེ་ཁྲིད་དང་གླིང་མདའ་ཤང་སློབ་ཆུང་གི་དགེ་སློབ་ཚོའི་ཐུན་མོང་འབད་བརྩོན་འོག སྔ་རྗེས་སུ་སློབ་གསོ་པུའི་ཁག་གསུམ་པའི་གྲོང་གསེབ་ཀྱི་དྲོ་སྐྱིད་ལྡན་པའི་སློབ་གྲྭ་དང་། ལྗོངས་ཡོངས་ཀྱི་སློབ་གསོའི་སྔོན་ཐོན་མཉམ་སྡེབ། ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་སློབ་གྲྭ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
“ལོ་25ཡི་གྲོང་གསེབ་ཀྱི་སློབ་གསོའི་ལམ་བུར་བསམ་ཡུལ་ལས་འདས་པའི་དཀའ་ངལ་མང་པོ་འཕྲད་མོད། འོན་ཀྱང་ང་རང་ཡིད་ཐང་ཆད་མྱོང་མེད། རང་ཉིད་ཀྱིས་སེམས་ནུས་ཡོད་རྒུས་སློབ་ཁྲིད་ལས་ལ་གཞོལ་བ་དང་གཅེས་སེམས་ཟབ་མོས་སློབ་མ་བསྐྱངས་ཚེ། ངའི་སློབ་ཁྲིད་བྱ་གཞག་ལ་འབྲས་བཟང་སྨིན་ཐུབ་རྒྱུ་མ་ཟད། ཕྲུ་གུ་དེ་བས་མང་བའི་ཕུགས་བསམ་གྲུབ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།
(པ་སངས་ཀྱིས་བསྒྱུར། པ་སངས་དང་པད་ཆོས་ཀྱི་ཞུས)