《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月04日

“ཡར་གཙང་ཨང་དང་པོ”ཡི་རྣམ་གྲངས་ གན་རྒྱ་ལྷོ་ཁར་བཞག་པ།

བོད་དང་ཐ་ན་ལྷོ་ནུབ་ས་ཁུལ་གྱི་རྩིས་ནུས་ལྟེ་གནས་ཆེ་ཤོས་གཏོད་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2024ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུའི་ཐོག བོད་ལྗོངས་ཡར་གཙང་རྩིས་རྒྱག་ཚན་རིག་ལག་རྩལ་ཚད་ཡོད་ཀུང་སིས་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་དང“ཡར་གཙང་ཨང་དང་པོ”ཡི་རྣམ་གྲངས་དོན་འཁྱོལ་ནུས་ཐོན་དང་ཞབས་ཞུ་འགན་ལེན་སོགས་ལ་དམིགས་ནས་གན་རྒྱ་བཞག་པ་རེད། དེ་ཐོག་ནས་ལྷོ་ཁས་འགྲམ་ཐང་བཙན་བརྒལ་གྱི་མི་ཐབས་རིག་ནུས“འགྲན་ལམ”གྱིས་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། རིག་ནུས་ཐོན་ལས་ཅན་དང་ཐོན་ལས་རིག་ནུས་ཅན་གྱི་ནུས་པ་འདོན་ཆེད་ཐོན་སྐྱེད་ནུས་ཤུགས་གསར་མ་དེ་བས་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད།

འདི་ལོ་ནི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། རྣམ་གྲངས་དེའི་འགན་འཁུར་བ་ལིའུ་ཅན་གྱིས“ཡར་གཙང་ཨང་དང་པོ”ཡི་རྣམ་གྲངས་ནི“གྲངས་འཛིན་བོད་སྐྱོར”རྣམ་པ་འཚོལ་ཞིབ་གསར་པ་བྱས་པ་ཞིག་ཡིན་ཞིང་། ཧུའུ་པེའི་ལག་རྩལ་དང་། མ་དངུལ། ཤེས་ལྡན་པ་བཅས་ཀྱི་ལེགས་ཆ་གང་ལེགས་སྤྱད་པའི་ཁར། ལྷོ་ཁའི་ཐོན་ཁུངས་དང་སྲིད་ཇུས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ནས་ལྷོ་ཁ་དང་ཐ་ན་བོད་ཀྱི་གྲངས་འཛིན་ཅན་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོད་དེ། ཤར་ནུབ་ས་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བུ་ཆུང་གིས་ལྷོ་ཁ་གྲོང་ཁྱེར་ལ་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། མ་འཇོག་གི་ཁོར་ཡུག་ཡག་པ། མ་འཇོག་གི་གོ་སྐབས་སྔར་བྱུང་མྱོང་མེད་པ་བཅས་ཡོད་པ་དེ་ཚོགས་ཞུགས་ཁེ་ལས་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་དང་མ་གྲོས་གཅིག་མཐུན་བྱུང་ཡོད་ཅེས་བཤད།

“ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་བརྒྱུད། ང་ཚོས་ལྷོ་ཁར་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ཡོད་པ་ཤེས་རྟོགས་བྱུང་། དེ་གར་མཁའ་རླུང་གཙང་ལ་དྲོད་ཚད་དམའ་བ་དང་། གསོ་རླུང་ཉུང་བ། མུ་ཟིའི་རྒྱུ་ཉུང་བ། བཞའ་ཚན་ཆུང་བ་བཅས་ཀྱི་ཁོར་ཡུག་ཅིག་འདུག དེས་ཚ་སེལ་གྱི་མ་གནས་དང་དེ་བཞིན་སྒྲིག་ཆས་འཁོར་སྐྱོད་ཀྱི་ནུས་རྒྱུ་ཟད་གྲོན་ཆུང་དུ་གཏོང་ཐུབ་པ་མ་ཟད། སྒྲིག་ཆས་བརྟན་པོ་དང་བེད་སྤྱོད་གཏོང་ཡུན་ཇེ་རིང་དུ་གཏོང་ཐུབ། རིག་ནུས་རྩིས་རྒྱག་ལྟེ་གནས་སྐྲུན་པར་ཧ་ཅང་འཚམ་པོ་འདུག”ཅེས་དང“ལྷོ་ཁར་ཕུན་སུམ་ཚོགས་པའི་ཉི་ནུས་དང་། ཆུ་ནུས། རླུང་ནུས་སོགས་ནུས་རྒྱུ་གཙང་མ་ཡོད། རིག་ནུས་ལྟེ་གནས་ཀྱི་ནུས་རྒྱུ་ཟད་གྲོན་ཐད་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཡང་མཐུན་ཡོད”ཅེས་ལིའུ་ཅན་གྱིས་བཤད།

འདི་ལོའི་ཟླ་5པའི་ཟླ་འགོར་ཡར་གཙང་རྩིས་རྒྱག་ཚོགས་པ་ལྷོ་ཁར་རྟོག་ཞིབ་བྱེད་པར་ཐེངས་དང་པོ་ཡིན་པ་དང་། ཟླ་བ་ཁ་ཤས་མ་སོང་བར་རྣམ་གྲངས་གཉེར་རྒྱུའི་གན་རྒྱ་བཞག་ཡོད། “ནུས་ཆེའི་རྣམ་གྲངས་དོན་འཁྱོལ་ཐུབ་པའི་མྱུར་ཚད་དེ་འདྲ་ལྷོ་ཁའི་ཚོང་གཉེར་ཁོར་ཡུག་ཡག་པོ་དང་ཁ་འབྲལ་ཐབས་མེད་ལ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ཧུར་ཐག་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཁ་འབྲལ་ཐབས་མེད”ཅེས་ལིའུ་ཅན་གྱིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུའི་ཐོག་ཁྱོན་རྣམ་གྲངས་32གཉེར་རྒྱུའི་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་45.59ཟིན་གྱི་ཡོད། རྣམ་གྲངས་དེ་དག་གིས་ལྷོ་ཁའི་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། ནུས་རྒྱུ་གཙང་མའི་ལས་རིགས་སྟོབས་ཆེར་དང་འཕེལ་རྒྱས་གཏོང་རྒྱུ། ལྗང་མདོག་བཟོ་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ། རིག་གནས་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་གཏོང་རྒྱུ་སོགས་ལ་ཕན་པ་ཆེན་པོ་ཐོབ་ནས་ཐོན་ལས་འཁོར་འབྲེལ་འཐུས་ཚང་དང་རིམ་སྤོར་ཐུབ་སྟེ། ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཐུབ་རྒྱུ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)