《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月03日

རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་5བཀོག་སྒྲིག་བྱས་པ་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་2632བཏང་བ།

རང་ལྗོངས་ཀྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བོད་ཀྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་གསར་རྙིང་བརྗེ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ལས་དོན་དེ་ཟླ་12ཚེས་31ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲང་ཅང་གིས། རྒྱལ་ཁབ་ཀྱིས་བོད་ལྗོངས་ས་ཁུལ་གྱི་རྒྱུན་སྡོད་མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས། དུས་ཡུན་རིང་བའི་དམིགས་བསལ་གྱི་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་5དམིགས་སུ་བཀོད་སྒྲིག་བྱས་པ་དང་དུས་མཚུངས། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཀྱང་མ་དངུལ་སྒོར་ཁྲི་2632བཏང་ནས་བོད་ཀྱི་རླངས་འཁོར་རྙིང་དོར་གསར་བརྗེས་དང་། ཁྱིམ་སྤྱོད་རླངས་འཁོར་གསར་བརྗེས། ཁྱིམ་སྤྱོད་གློག་ཆས་ཐོན་རྫས་དང་གློག་སྒུལ་རྐང་འཁོར་གསར་རྙིང་བརྗེ་བ་བཅས་དང་དེ་བཞིན་ས་མཐོའི་ཐབ་ཆས་ཐོན་རྫས་གསར་རྙིང་བརྗེ་བ་སོགས་ཀྱི་ལས་དོན་ལ་ཐུན་མོང་ཐོག་རྒྱབ་སྐྱོར་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ཟླ་9ཚེས་19ཉིན་རང་ལྗོངས་ཀྱིས《གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས་སྒོར་ཁྲི་2105བཏང་སྟེ་ཟོག་འདྲེན་རླངས་འཁོར་རྙིང་པ་རྙིང་དོར་གསར་བརྗེས་ལ་རྒྱབ་སྐྱོར་དང་། སྒོར་ཁྲི་1979བཏང་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་དེ་བཞིན་སྒུལ་ཤུགས་གློག་རྫས་གསར་བརྗེས་ལ་རྒྱབ་སྐྱོར། སྒོར་དུང་ཕྱུར་1.0526བཏང་ནས་རླངས་འཁོར་རྙིང་དོར་གསར་བརྗེས་ལ་རྒྱབ་སྐྱོར། སྒོར་དུང་ཕྱུར་1.579བཏང་ནས་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར། སྒོར་ཁྲི་526བཏང་ནས་གློག་སྒུལ་འཁོར་རིགས་གསར་རྙིང་བརྗེ་བར་རྒྱབ་སྐྱོར། མ་དངུལ་སྒོར་ཁྲི་6443བཏང་ནས་ས་མཐོའི་ཐབ་ཆས་གསར་རྙིང་བརྗེ་བར་རྒྱབ་སྐྱོར། མ་དངུལ་སྒོར་ཁྲི་4737བཏང་ནས་ཁྱིམ་ཆས་ཐོན་རྫས་སྒྱུར་བཀོད་དང་གསར་བརྗེས་ལ་རྒྱབ་སྐྱོར་བཅས་བྱེད་རྒྱུ་བཀོད་སྒྲིག་ཁ་གསལ་བྱས་ཡོད་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་ཞིབ་ཕྲའི་ཁ་གསབ་སྲིད་ཇུས་ངོ་སྤྲོད་བྱས་པ་རེད། འཛད་སྤྱོད་པས་ས་མཐོའི་ནུས་པ་མང་བའི་གཡོས་སྦྱོར་ཐབ་ཆས་ཉོ་བ་དང་འབྲེལ་ཐབ་ཆས་རྙིང་པ་ཕར་སློག་རྗེས་རིན་གོང་གཅོག་པའི་བྱེད་སྒོ་དང་དེ་བཞིན་ཚོང་པས་མཁོ་འདོན་བྱས་པའི་ཁེ་བཟང་བཅུ་ཆ་གསུམ་སློག་པའི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་གི་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཟོག་འདྲེན་རླངས་འཁོར་རྙིང་པ་སྔ་སྣུར་དུ་བེད་མེད་དུ་བཏང་བ་དང་ཟོག་འདྲེན་རླངས་འཁོར་གསར་པ་ཉོ་མཁན་འཛད་སྤྱོད་པས་འབྲེལ་ཡོད་ཚུར་བསྡུའི་ངོ་སྤྲོད་དང་ཐོ་སུབ་པའི་ངོ་སྤྲོད་བསྐྱལ་རྗེས་ཁ་གསབ་ཉིས་བརྩེགས་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་རྙིང་པ་བེད་མེད་དུ་བཏང་བ་དང་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གསར་བརྗེས་བྱས་ན་རླངས་འཁོར་རེར་ཆ་སྙོམས་ཁ་གསབ་སྒོར་ཁྲི་8ཐོབ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་མི་སྒེར་གྱི་འཛད་སྤྱོད་པ་དང་ཁེ་ལས་ཀྱིས་ས་གནས(གྲོང་ཁྱེར)ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་ལ་རེ་ཞུའི་དཔྱད་ཡིག་སྐྱེལ་ཆོག་གི་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)