2023ལོའི་ཟླ་11པ་ནས་བཟུང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཁྲིམས་སྐྱོང་གི་བསམ་བློ་སྤྱོད་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། “བྱ་སྤྱོད་ཁག་བརྒྱད”ལག་བསྟར་ཤུགས་ཆེན། མང་ཚོགས་ཀྱི་གླེང་མང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གནད་དོན་བཅོས་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོར་ཕྱོགས་ཡོངས་ནས་སྐུལ་གཏོང་བཅས་བྱས་པས། མཛེས་སྡུག་ལྡན་པའི་ལྷ་ས་གྲུབ་བཞིན་ཡོད།
འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱས་ནས་གནད་དོན་རྙིང་པ་ཐག་གཅོད་བྱས་པ།
འགྲིམ་འགྲུལ་འགག་པ་དང་། རླངས་འཁོར་འཇོག་དཀའ་བ། རླངས་འཁོར་འཇོག་གླ་མཐོ་བ་བཅས་ནི་ཐོག་མཐའ་བར་གསུམ་དུ་ལྷ་སའི་འགྲོ་ལམ་འགྲིམ་འགྲུལ་གྱི་གནད་དོན་རྙིང་པ་ཞིག་རེད། ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་གཏོང་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོང་ཆེན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཏང་སྲིད་ཁེ་ལས་དང་བྱ་གཞག་ཚན་པའི་ནང་ཁུལ་གྱི་རླངས་འཁོར་འཇོག་ས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།
“ཐོན་ཁུངས་བསྡུ་སྒྲིལ་དང་དམངས་ཕན་དམངས་བདེའི”རྩ་དོན་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་སྒོ་རའི་ནང་གི་རླངས་འཁོར་འཇོག་ས་གང་ལེགས་སྤྱད་དེ་མཐའ་འཁོར་སློབ་གྲྭར་ཕྲུ་གུ་བསུ་སྐྱེལ་བྱེད་རིང་ཁྱིམ་བདག་ལ་རིན་མི་དགོས་པར་རླངས་འཁོར་འཇོག་ས་78མཁོ་འདོན་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་བཀྲ་ཤིས་ཡར་འཕེལ་གྱིས“མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཚན་པ་211གི་རླངས་འཁོར་འཇོག་ས་དང་གསང་སྤྱོད་རིན་མེད་ངང་ཕྱི་ཕྱོགས་ལ་སྒོ་ཕྱེ་བས་བསྡོམས་རླངས་འཁོར་འཇོག་ས་7208དང་གསང་སྤྱོད་372ཡོད”ཅེས་ངོ་སྤྲོད་བྱས།
འགྲོ་ལམ་འགྲིམ་འགྲུལ་གྱི་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་འཇོག་ར་165དང་རླངས་འཁོར་འཇོག་ས་ཁྲི་2.2ལྷག་ཙམ་མང་དུ་བཏང་བ་མ་ཟད། 2023ལོའི་ཟླ་12ཚེས་5ཉིན། 《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་གྲོན་བསྡུའི་ཚད་གཞི་ལེགས་སྒྲིག་ཇུས་གཞི》ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་རླངས་འཁོར་འཇོག་སའི་གྲོན་བསྡུའི་ཚད་གཞི་དམའ་རུ་ཤུགས་ཆེན་བཏང་བ་རེད།
གྲོང་ཁྱེར་དོ་དམ་གྱི་སྒྲིག་བཀོད་ལེགས་སུ་བཏང་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་གྲོང་ཁྱེར་བསྐྲུན་པ།
ཁྲེང་ཀོན་ཆུས་རྒྱ་མཚོ་སྡེ་ཁུལ་གྱི་ཚོགས་ཆུང་2པར་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ཚ་ཚ་འུར་འུར་ངང་ལག་བསྟར་བྱེད་བཞིན་ཡོད། “དེ་སྔ་ཆར་པ་བབས་རྗེས་ང་ཚོའི་སྲང་ལམ་འདིར་འདམ་བག་གིས་ཁེངས་པ་དང་གནམ་དྭངས་བའི་སྐབས་ལུས་ལ་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད། ཆུ་སྙིགས་མདོང་ལམ་འགག་སླ་བ་དང་གློག་སྐུད་གང་སར་ཁྲིད་ནས་སྡོམ་ཚང་དང་འདྲ་བར་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ད་ཐེངས་ལག་བསྟར་བྱས་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ལས་ལོ་མང་རིང་ཚང་མར་དཀའ་ངལ་དང་སུན་སྣང་བཟོ་བའི་ཁོར་ཡུག་གི་འཕྲོད་བསྟེན་དང་་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད”ཅེས་ཨར་ལས་རྣམ་གྲངས་སྐོར་གླེང་སྐབས་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་སྤེན་པ་ཚེ་རིང་གིས་དགོད་འཚར་འཚེར་དུ་བཤད།
ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཞང་ལེ་ཡིས“རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་1115.16བཏང་བ་དང་ཟླ་12པའི་ཟླ་སྟོད་དུ་ལས་མཇུག་འགྲིལ་རྒྱུ་རེད། རྣམ་གྲངས་ལག་བསྟར་བྱས་པ་དེས་འགྲོ་ལམ་འགྲིམ་འགྲུལ་གྱི་སྤུས་ཚད་དང་གྲོང་མིའི་འཚོ་བའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དོ་དམ་གྱི་འགྲོ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། འགྲོ་ལམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་མིར་དེ་བས་བདེ་འཇགས་དང་སྟབས་བདེའི་འགྲོ་སྐྱོད་ཁོར་ཡུག་གཏོད་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
ཁོར་ཡུག་འཕྲོད་བསྟེན་ལ་དམ་འཛིན་ནན་པོ་བྱས་ནས“བདེ་སྐྱིད་ཀྱི་རྨང་གཞི”བརྟན་དུ་བཏང་བ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱེད་སྐབས་ཁྲེང་ཀོན་ཆུས་གླིང་གཉིས་ཁྲོམ་གཞུང་འཇག་མ་གླིང་སྡེ་ཁུལ་གྱིས་མཁོ་དགོས་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་བྱས་ཡོད། བསམ་འཆར་བསྡུ་ལེན་བྱེད་རིང་གྲོང་མི་མི་ཉུང་བ་ཞིག་གིས“གལ་སྲིད་ཁོངས་གཏོགས་ཁུལ་དུ་སྤྱི་གླིང་ཞིག་བསྐྲུན་ན་ང་ཚོར་འཆམ་འཆམ་དང་སྦྱོང་བརྡར་བྱ་ཡུལ་ཡོད”ཅེས་བཤད།
སྡེ་ཁུལ་གྱིས་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་བེད་མེད་ས་ཆར་ཁྱོན་ཡོངས་ནས་རྩད་ཞིབ་བྱས་པ་དང་དུས་མཚུངས་གོང་རིམ་འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུས་ཏེ་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་ཐུབ་ཡོད། གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། དེ་སྔའི་འཛུགས་སྐྲུན་གད་སྙིགས་སྤུངས་ས་དང་བེད་མེད་ས་ཆ་དེ་ད་ཆ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་སྤྱི་གླིང་དུ་གྱུར་ནས། འཛུགས་སྐྲུན་གད་སྙིགས་གང་སར་སྤུངས་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། ད་དུང་གྲོང་མིར་སྤྲོ་གསེང་དང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་ཀྱང་བྱུང་ཡོད།
“སླད་ཕྱིན་ང་ཚོས་སྤྱི་གླིང་གི་དོ་དམ་དང་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དེའི་ནུས་པ་ཡུན་རིང་འདོན་སྤེལ་ཐུབ་པར་འགན་ལེན་བྱས་ཏེ། སྡེ་ཁུལ་གྱི་གྲོང་མིར་དེ་བས་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་བསྐྲུན་རྒྱུ་ཡིན”ཞེས་གླིང་གཉིས་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དབན་ཕིང་གིས་བཤད།
(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)