འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་22ནས་ཚེས་28ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མོང་གོལ་རྒྱལ་ཁབ་དང་ཧན་གོར་འཚམས་འདྲི་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་དྲིལ་བསྒྲགས་གནང་བ་དང་མི་ཆོས་རིག་གནས་དང་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་མཉམ་ལས་གཉིས་ཕན་གྱི་རྣམ་པ་ཐུན་མོང་ཐོག་བཏོད་ཡོད།
མོང་གོལ་རྒྱལ་ཁབ་ཏུ་བཞུགས་རིང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨ་མར་སེ་ཧན་གྱིས། ཝང་ཅུན་ཀྲེང་གིས་སྣེ་ཁྲིད་གནང་བའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་དང་འབྲེལ་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད། ཝང་ཅུན་ཀྲེང་གིས་ད་དུང་མོང་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་པ་ཐེ་སུའུ་ཧོ་དང་། ཕྱི་འབྲེལ་པུའི་རྒྱལ་དོན་དྲུང་ཡིག་མོང་ཧོ་ཐུའུ་ཧྲི་ཀེ། འཕྲོད་བསྟེན་པུའི་རྒྱལ་དོན་དྲུང་ཡིག་ཨའོ་ཆིར་པ་ཐེ་བཅས་དང་སྔ་རྗེས་སུ་མཇལ་འཛོམས་གནང་བ་དང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་མོང་མཛའ་གྲོགས་གཟའ་འཁོར་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་གྲུབ་འབྲས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ། སྨན་པ་གྲྭ་ཚང་སྲོལ་རྒྱུན་སོག་ལུགས་གསོ་རིག་དང་སྨན་རྫས་ལྟེ་གནས་ལ་རྟོག་ཞིབ་གནང་བ་རེད། ཝང་ཅུན་ཀྲེང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བ་དང་མི་ཆོས་རིག་གནས་གཅིག་མཚུངས་ཡིན་པ་དང་འགྲོ་འོང་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པས། ཕྱོགས་གཉིས་པོའི་འབྲེལ་བ་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན། འདི་ལོ་ནི་ཀྲུང་མོང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དང་། མཛའ་གྲོགས་མཉམ་ལས་ཀྱི་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ལོ་30འཁོར་བ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བ་བཅས་ཀྱི་ལོ་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་གཙོ་བདག་བར་ལ་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྔར་བས་དོན་འཁྱོལ་ཡག་པོ་བྱས་ཏེ། མི་ཆོས་རིག་གནས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་བཏོན་ནས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་རྒྱུ་དང་། འཕེལ་རྒྱས་ཀྱི་གོ་སྐབས་བཙལ་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་མི་ཆོས་རིག་གནས་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་འདི་ཉིད་སྔར་བས་ལེགས་པའི་སྒོ་ནས་འཛམ་གླིང་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ། ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ལྡན་པའི་སྲོལ་རྒྱུན་གསོ་རིག་མུ་མཐུད་དར་སྤེལ་གཏོང་བ་དང་སྲོལ་རྒྱུན་གསོ་རིག་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད། མོང་གོལ་ཕྱོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་ཡིད་སྨོན་ཆེན་པོ་བྱུང་ཞེས་གསུངས་པ་རེད།
ཕྱོགས་གཉིས་པོས་ཀྲུང་མོང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་གོ་སྐབས་སུ་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་དང་། སྒྱུ་རྩལ་ཆོས་ལུགས། སྲོལ་རྒྱུན་གསོ་རིག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ནས་ཀྲུང་མོང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
ཧན་གོར་བཞུགས་རིང་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་གཞོན་པ་ཀྲུའུ་ཧའོ་དབྱིང་གིས་ཝང་ཅུན་ཀྲེང་གིས་སྣེ་ཁྲིད་གནང་བའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་དང་འབྲེལ་འཐུས་མི་ཚོགས་པ་དང་མཉམ་དུ་མཛའ་གྲོགས་ཀྱི་བཞུགས་མོལ་ཡང་གནང་བ་རེད། ཝང་ཅུན་ཀྲེང་གིས་ད་དུང་ཧན་ཀྲུང་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ་ཅིན་ཐའེ་ཉན་དང་། ཆིང་ཧྲང་ནན་ཏའོ་དཔལ་འབྱོར་ཀྲེ་ཧྲེ་གཞོན་པ་ཅིན་མིང་ཀྲུའུ། ཧན་ཀྲུང་རིག་གནས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆུས་ཧོན་བཅས་དང་སྔ་རྗེས་སུ་མཇལ་འཛོམས་གནང་བ་དང་།“ཀྲུང་གོའི་བོད་ལྗོངས·བཀྲ་ཤིས་བདེ་ལེགས”ཞེས་པའི་2024ལོའི་ཧན་གོར་སྐྱོད་པའི་རིག་གནས་དང་ཡུལ་སྐོར་སྤེལ་རེས་བྱེད་སྒོར་ཞུགས་པ། རྒྱ་གྲམ་ལྗང་རྟགས་ཚེ་སྲོག་བདེ་ཐང་ཚད་ཡོད་ཀུང་སི་དང་སྨི་དབྱང་གྲོང་ཁྱེར་རིག་ནུས་ཞིང་རའི་གསར་གཏོད་ཁུལ་ལ་རྟོག་ཞིབ་ཀྱང་གནང་བ་རེད། ཝང་ཅུན་ཀྲེང་གིས། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ནི་ཆུ་བོ་གཅིག་ཆོད་དང་། ས་འདབས་གཉིས་འབྲེལ། ལས་འཕྲོ་ཟབ་པ་བཅས་ཡིན་ལ་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཛའ་བརྩེ་དང་། ཟོལ་མེད། ཕན་འདོགས། བསྟུན་མཁས་བཅས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་དབར་ཕན་འདོགས་པ་དང་ཁྱིམ་མཚེས་དང་རོགས་ཟླར་བརྩི་བའི་མཐའ་འཁོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཀྲུང་ཧན་གྱི་མཛའ་གྲོགས་ཡིད་ཆེས་དང་ཁེ་ཕན་མཉམ་འདྲེས་ཟབ་ཏུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་དང་ཧན་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་32སོང་རིང་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བྱུང་བ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མིག་སྔའི་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་སྟེ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་ཉམས་བཟང་མངོན་ཡོད། བོད་རང་སྐྱོང་ལྗོངས་དང་ཧན་གོའི་དབར་མཉམ་ལས་ཀྱི་འབྲེལ་བ་རྒྱ་ཁྱབ་དང་དམ་ཟབ་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་མཛའ་གྲོགས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྔར་ལས་ལྷག་པ་བསྐྲུན་རྒྱུའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་དང་ཧན་གོའི་ཆིང་ཧྲང་ནན་ཏའོ་གཉིས་ནི་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་ཡིན་ལ་ཕྱོགས་གཉིས་ཀྱིས་རིག་གནས་ཡུལ་སྐོར་དང་། དཔལ་འབྱོར་ཚོང་དོན། ཞིང་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལུས་རྩལ་སོགས་ཐད་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་གི་ཡིན་ཞེས་གསུངས་པ་རེད།
ཧན་གོའི་ཕྱོགས་ཀྱིས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་ཀྱིས་མཛའ་གྲོགས་མཉམ་ལས་ཀྱི་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བར་མངོན་མེད་ཀྱི་ནུས་པ་ཆེན་པོ་དང་མདུན་ལམ་རྒྱ་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་ཀྱིས་མཛའ་གྲོགས་འབྲེལ་བ་མུ་མཐུད་བརྟན་གཏོང་དང་ཟབ་གཏོང་གིས་རང་སོ་སོའི་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཡུལ་སྐོར་བ་དང་མགྲོན་པོ་ཕར་ཚུར་སྐྱོད་པ་དང་། ཁེ་ལས་ཀྱིས་མ་དངུལ་འཇོག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧན་གྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་ཡོད་ཅེས་གསུངས་པ་རེད།
འཚམས་འདྲི་གནང་རིང་། ཝང་ཅུན་ཀྲེང་གིས་མོང་གོལ་དང་ཧན་གོར་བཅའ་སྡོད་རང་རེའི་གཞུང་ཚབ་ཁང་དང་དེ་བཞིན་ཧྥུ་ཧྲན་དུ་བཅའ་སྡོད་རང་རེའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ལས་དོན་སྤེལ་རེས་ཀྱི་བཞུགས་མོལ་ཡང་གནང་བ་རེད།
(སྤེན་ཚེ་དང་གནམ་ཕྱུག་གིས་སྒྱུར་ཞུས་བྱས)