《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月29日

༄༅། །རྒྱལ་སྟོན་ལ་བསུ་བ་ཞུ་བའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྙན་དབྱངས།

གཞིས་གདོང་ཚེ་དབང་ཕུན་ཚོགས།

དེ་སྔོན་བདེ་ཁང་དོན་གྲུབ། །

ཆང་ཁང་ནང་དུ་བསྡད་འདུག །

ཁ་གཏད་རོགས་སྐྱོར་མ་དངུལ། །

ཆང་རག་རིན་པར་སྤྲད་སོང་། །

ཞིང་ཆུང་རྒོད་ཐང་གྲུ་བཞི། །

རྩྭ་དང་རམ་པས་ཁེངས་བཞག །

སྒོ་རའི་འཇོར་དང་སྦྱག་མ། །

བཙའ་ཡིས་ཁ་དོག་ལོག་འདུག །

དབུལ་སྐྱོར་ལག་དེབ་བླངས་ཏེ། །

ཉི་མ་བསྲོས་ནས་བསྡད་འདུག །

ཐང་ཤ་དོད་པའི་ལག་ཟུང་། །

རྟག་པར་གཞུང་ལ་བརྐྱངས་སོང་། །

སྒེའུ་ཁུང་ཤེལ་ཁྲ་ཆག་འདུག །

སྒོ་རའི་ལྕགས་རི་འགྱེལ་འདུག །

གད་སྙིགས་ཐལ་རྡུལ་ཁྲོད་ན། །

ཕྲུ་གུའི་སྐད་སྒྲས་ཁེངས་འདུག །

ཁྱིམ་ལ་གཙང་སྦྲ་མ་བྱས། །

གཟའ་འཁོར་ཕྱིན་སོང་ཟེར་གྱིས། །

ཉལ་གོས་འཁྲུད་བཤལ་མ་བྱས། །

ལོ་ཕྱེད་ཕྱིན་སོང་ཟེར་གྱིས། །

ཕྲུ་གུ་སློབ་གྲྭར་མ་བཏང་། །

ཕྱུགས་རྫི་བྱེད་དགོས་ཟེར་གྱིས། །

ཨ་ཕས་ཡོང་འབབ་མ་བསགས། །

ཆང་ཁང་ནང་དུ་འཁྱམས་སོང་། །

བུ་ལོན་གཅིག་གཡར་གཉིས་གཡར། །

གྲངས་ཀ་བགྲང་ཚོད་མི་འདུག །

ཞོར་ལས་ཡོང་འབབ་མེད་དུས། །

བ་མོ་བཤས་རར་བསྐྱལ་སོང་། །

མར་དང་ཕྱུར་བ་བཟའ་རྒྱུ། །

ད་ནི་ཁོ་ཐག་ཆོད་སོང་། །

ཁྱིམ་ཐབ་ཡེ་ཤེས་སྒྲོལ་མས། །

འོ་ཟོ་གྱང་ལ་བཀལ་སོང་། །

ཚོན་ཀྲང་ཨ་ཇོ་པ་སངས། །

སེམས་འཚབ་ལུ་གུ་ལྡིང་ལྡིང་། །

དབུལ་སྐྱོར་དོན་གྲུབ་ཁྱིམ་ལ། །

སྔ་དགོང་མེད་པར་ཕྱིན་སོང་། །

དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས། །

ཁ་ནས་མ་ཎི་འདྲེན་འདྲེན། །

ཕྱུག་འགྱུར་ཐབས་དང་ལམ་བུ། །

གྲོས་འགོ་སྣ་མིན་སྣ་ཚོགས། །

ཤང་ཀྲང་དབུལ་སྐྱོར་ལས་ཀར། །

གཟིགས་སྐོར་གནང་བར་ཕེབས་དུས། །

དོན་གྲུབ་སེམས་པ་འཚབ་ནས། །

གཅིན་པ་ཐེངས་མང་བྲོ་སོང་། །

འཇམ་པོའི་སློབ་གསོ་གཏོང་གིས། །

གཤེ་གཤེ་ཚ་འདེད་གཏོང་གིས། །

བདེ་ཁང་སྦྱིན་བདག་དོན་གྲུབ། །

ཆང་ཁང་འགྲིམ་ཁོམ་མི་འདུག །

བྱ་གསོའི་རྣམ་གྲངས་ལས་ཀ །

དོན་གྲུབ་ཁྱིམ་ལ་སྤྲད་སོང་། །

ཐོ་རེངས་བྱ་ཕོའི་བྱ་སྐད། །

གཉིད་ལས་སློང་བའི་ཅོང་བརྡ། །

གསོ་སྐྱོང་བྲིན་འཚོང་ལག་རྩལ། །

ཆེད་མངགས་སྦྱོང་བརྡར་སྤྲད་སོང་། །

དོན་གྲུབ་ཡི་གེ་མ་ཤེས། །

འགྱོད་པ་གཞི་ནས་སྐྱེས་སོང་། །

ཐོག་མར་ཟླ་བ་གཅིག་ལ། །

ཡོང་འབབ་སྒོར་མོ་བརྒྱ་ཕྲག །

ད་ཆ་ཟླ་བ་རེ་ལ། །

སྟོང་ཕྲག་ཁ་ཤས་རག་གིས། །

བོད་སྒོང་བྲིན་ཁ་རྒྱུག་པ། །

དོན་གྲུབ་ཡིད་ལ་མ་འཆར། །

ཉོ་མཁན་མངག་མཁན་མང་དུས། །

གླུ་ཆུང་ལེན་པར་ཐལ་སོང་། །

ཁྲོམ་རའི་བྲོ་བ་རྙེད་སོང་། །

ཡོང་འབབ་གསོག་འགོ་ཚུགས་སོང་། །

དོན་གྲུབ་སྦི་རག་འཐུང་བའི། །

གོ་སྐབས་ཧ་ལམ་མི་འདུག །

དུས་ཐུང་ལོ་ངོ་གཉིས་ལ། །

ཁང་པ་གསར་པ་བརྒྱབ་སོང་། །

སྔར་གྱི་ཁྱིམ་ཆས་རྙིང་གོག །

ད་ཆ་མཐོང་རྒྱུ་མི་འདུག །

ཆུང་མ་ཡེ་ཤེས་སྒྲོལ་མ། །

གཙང་སྦྲ་དོད་དུ་ཕྱིན་འདུག །

གདོང་དང་ལག་པའི་མདོག་ཁ། །

གཞུང་གི་ལས་བྱེད་འདྲ་བྱུང་། །

རྒྱུད་བཟང་བ་མོ་ཉོས་སོང་། །

འོ་ཟོ་གྱང་ནས་ཕབ་སོང་། །

གློག་གི་ཞོ་དཀྲོག་མདོང་མོར། །

དལ་བའི་ཁོམ་པ་མི་འདུག །

ཕྲུ་གུ་སློབ་གྲྭར་བཏང་སོང་། །

བཟའ་ཟླས་ནང་ལས་སྒྲུབ་སོང་། །

སོ་ནམ་ཞོར་ལས་ཡོང་འབབ། །

ཨ་ཕས་འགན་གཙང་བླངས་སོང་། །

ཚོན་ཀྲང་དགའ་ཐག་ཆོད་ནས། །

གོང་རིམ་དབུ་ཁྲིད་ཁྲིད་བྱུང་། །

དོན་གྲུབ་དབུལ་སྒྲོལ་བྱུང་བར། །

དབུ་ཁྲིད་དགའ་བས་མྱོས་སོང་། །

ན་ནིང་ཐོ་ཕྲུག་ཉོས་པར། །

ཧ་ལས་ཧང་སངས་མ་གནང་། །

ད་ལོ་རླངས་འཁོར་ཉོ་ཆེད། །

ལག་ཁྱེར་ལེན་པའི་སྒང་རེད། །

ཀུ་ཤུའི་ཁ་པར་ཉོས་འདུག །

སྐད་འཕྲིན་ཕབ་ལེན་བྱས་འདུག །

སྐད་འཕྲིན་གྲོགས་ཚོམས་ནང་ནས། །

བྱ་གསོའི་ཆ་འཕྲིན་མངོན་བྱུང་། །

བྱ་གསོ་རྒྱ་སྐྱེད་བཏང་སོང་། །

ལས་མི་གསར་པ་བསྡུས་སོང་། །

སྔར་གྱི་ཆང་རོགས་ཚེ་རིང་། །

ད་ཆ་ལས་རོགས་ཡག་ཤོས། །

དབུལ་པོའི་ཞྭ་མོ་ཕུད་སོང་། །

ཕྱུག་འགྱུར་ལམ་དུ་ཆས་སོང་། །

ད་ལོའི་གཟེངས་བསྟོད་ཚོཊ་འདུར། །

དོན་གྲུབ་མིག་དཔེར་གྱུར་འདུག །

ཉིས་སྟོང་བཅུ་དྲུག་གོང་ལ། །

ར་བཟི་སྐྱུར་འགོང་དོན་གྲུབ། །

ད་ཆ་ཁོང་གི་མིང་ལ། །

བྱ་གསོ་སྦྱིན་བདག་དོན་གྲུབ། །

གསར་འགོད་བཅར་འདྲི་ཚོཊ་ཆུང་། །

བདེ་ཁང་ཁྱིམ་ལ་འབྱོར་སོང་། །

དོན་གྲུབ་ཡིད་སེམས་མགུ་ནས། །

སྙིང་གཏམ་ལྷུག་པོར་གླེང་སོང་། །

ཏང་གི་སྲིད་ཇུས་བཟང་པོས། །

དབུལ་སྒྲོལ་ཚ་རླབས་འཕྱུར་སོང་། །

རྗེས་ལུས་བསམ་བློ་རྙིང་པར། །

འགྱུར་ལྡོག་ཡོངས་སུ་ཕྱིན་སོང་། །

རང་གིས་གྲུང་གྲུང་བྱས་ན། །

སྲིད་ཇུས་གོ་སྐབས་བཟང་བ། །

ཉི་མ་གང་འཁྱོལ་བྱས་ན། །

ད་ནི་ངོ་ཡང་ཚ་ཡོང་། །

ཕྱུག་པོའི་ལམ་དུ་འགྲོ་བར། །

རིག་གནས་ཤེས་བྱ་དགོས་ཀྱིས། །

ཕྲུ་གུ་སློབ་གྲྭར་གཏོང་རྒྱུ། །

ཕྱུག་འགྱུར་ལམ་སྣེ་དང་པོ། །