《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月26日

ཉི་མ་གང་འཁྱོལ་བྱས་ན་འགྱུར་ལྡོག་ཡོང་མི་སྲིད།

དར་དམར་གྲོང་ཚོའི་སྐོར་གླེང་སྐབས་ཉེ་འཁོར་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དེ་ཙམ་ཕྱིན་མེད་པའི་གྲོང་ཚོའི་མང་ཚོགས་ཀྱིས“ཁོང་ཚོ་གསེར་རིའི་སྟེང་ཉལ་ཡོད”ཅེས་ཡིད་སྨོན་བྱེད་ཀྱི་ཡོད། ད་ཆ་དར་དམར་གྲོང་ཚོའི་གྲོང་མིའི་བདེ་སྐྱིད་ཚོར་སྣང་ཆེན་པོ་ཡོད་ཅིང་། སྤྲོ་ཁང་དུ་སྡོད་པ་དང་། རླངས་འཁོར་གཏོང་བ། ཁེ་སྤོགས་ལེན་རྒྱུ་ཡོད་པ་བཅས་རེད། འོན་ཀྱང་ཁོང་ཚོས་ཉི་མ་གང་འཁྱོལ་བྱས་ནས་མ་བསྡད་པར་དཀའ་སྤྱད་འབད་བརྩོན་གྱིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་ཚོ་དར་རྒྱས་དང་གྲོང་མི་ཕྱུག་པོ་ཆགས་པའི་རྣམ་པ་ཞིག་ངང་གིས་ཐོན་བཞིན་ཡོད།

དར་དམར་གྲོང་ཚོའི་འགྱུར་ལྡོག་དེ་ནི་སྒྱུར་བཅོས་སྒོ་དབྱེའི་དུས་རབས་ཀྱི་དཔྱིད་རླུང་དང་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་སྐུལ་ཁྲིད་ནུས་པ་ལས་བྱུང་བ་ཞིག་ཡིན་ལ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་མིག་རྒྱང་རིང་པོ་དང་བསམ་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་དང་ཡང་ཁ་བྲལ་ཐབས་མེད། ས་ཆའི་ཁ་གསབ་དངུལ་རག་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གློ་བུར་དུ་ཕྱུག་པོར་གྱུར་མཁན་གྱི་ཉི་མ་གང་འཁྱོལ་གྱི་བསམ་བློ་མ་འཆང་བར་དེའི་ནང་ནས་མ་དངུལ་ཁག་གཅིག་བཏོན་ཏེ“ལས་གཏོད་མ་དངུལ”དུ་བཏང་ནས་བཀོད་སྒྲིག་ཁང་པ་དང་། ཚོང་སྒྱུར་ཁང་པ། ཞིང་ཟོག་ཁྲོམ་ར། ཚོང་ལས་ཐོག་ཁང་། ཕྱོགས་བསྡུས་ཐོག་ཁང་སོགས་བསྐྲུན་ནས་ཐོན་ལས་དར་རྒྱས་བཏང་བ་བརྒྱུད་མ་དངུལ་རྒྱུ་ནོར་དུ་བསྒྱུར་ཏེ་དར་དམར་གྲོང་ཚོ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་དང་གྲོང་མིར་ཡུན་རིང་ཕན་པ་ཐོབ་པར་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས”ཞེས་ནན་བཤད་གནང་ཡོད། ཐོན་ལས་དར་རྒྱས་གཏོང་བ་ནི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བའི་འབྱུང་ཁུངས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྨང་གཞི་དང་འགག་རྩ་རེད། ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་པ་དང་། གཞི་ནས་ཞིང་འབྲོག་མང་ཚོགས་ཀྱི་དངུལ་ཁུག་སྔར་བས་ལྗིད་ཏིག་ཏིག་ཏུ་གྱུར་ཐུབ། དེས་ན་དར་དམར་གྲོང་ཚོའི་ལག་ལེན་ནི་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད།

(ཉི་དོན་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)