《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月26日

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་21པའི་ཐོག་བོད་ཀྱི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་24ཉིན་ནས་ཚེས་28ཉིན་བར“མཛའ་མཐུན་དང་། ཁོང་ཡངས། ཕན་སྦྱར། ལྷག་བསམ་བཅས་བྱས་ཏེ་མཉམ་དུ་འཕེལ་རྒྱས་བཏང་ནས་ཡང་འབད་བསྐྱར་འབད་ཀྱིས་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས(གཤམ་དུ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ)སྐབས་21པ་ཀོང་ཤིས་ནན་ཉིང་དུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་འཐུས་མི་ཚོགས་པས་ད་ཐེངས་ཀྱི་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་ལ་ཞུགས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ RCEPདཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མཐོ་རིམ་གླེང་མོལ། 2024ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དར་གོས་ལམ་བུའི(རྒྱལ་མཚམས་སྒྲོལ་བ)དྲ་ཐོག་ཚོང་དོན་སྒོ་དབྱེའི་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་སོགས་བྱེད་སྒོ་གལ་ཆེན་ལ་ཞུགས་རྒྱུ་ཡིན་པ་མ་ཟད། “བོད་ཀྱི་ཐོན་རྫས་བོད་ནས་ཐོན་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ནན་ཉིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི“རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་འགྲེམས་ཁུལ”དུ་སྨི་ངོས་གྲུ་120ཡི་དམིགས་བསལ་འགྲེམས་གནས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཁྲོམ་རའི་དགོས་མཁོ་དངོས་དང་དེ་བཞིན་ཁེ་ལས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀོང་ཤིས་སོགས་མཐའ་འཁོར་ཁྲོམ་རར་རྒྱ་སྐྱེད་གཏོང་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་20ཡི་ས་མཐོའི་སྤུས་དག་སྣ་ཁ་བརྒྱ་ལྷག་ཙམ་ལེགས་འདེམས་བྱས་ནས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད། བོད་ཀྱི་འཐུས་མི་ཚོགས་པས་རང་འགུལ་ངང་ཚོང་ལས་ཀྱི་གོ་སྐབས་འཚོལ་བ་དང་ཚོང་ཤག་བསྒྲིགས་ཏེ་རྒྱལ་ཁབ་ཕྱི་ནང་གི་མཁོ་སྤྲོད་ཚོང་པ་དང་ཉོ་སྒྲུབ་ཚོང་པ་དང་འབྲེལ་གཏུག་དམ་ཟབ་བྱས་ནས། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་མཉམ་ལས་ཐད་ངོ་འཕྲད་གྲོས་མོལ་བྱས་ཐོག རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱས་ནས་དེ་བས་རྒྱ་ཆེ་བའི་ཁྲོམ་ར་གཏོད་ཐབས་བྱ་རྒྱུ་རེད།

ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་གཉེར་རིང་། བོད་ཀྱི་འཐུས་མི་ཚོགས་པས་ད་དུང་ཚོང་འགུགས་མ་འདྲེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་ངོས་ཀྱི་ལེགས་ལྡན་ཐོན་ཁུངས་དང་། མ་འཇོག་སྲིད་ཇུས། ཚོང་གཉེར་ཁོར་ཡུག་བཅས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་ཏེ། ཚོང་གཉེར་བ་བོད་དུ་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་རེད།

(བསོད་བདེ་ཆེ་བས་བསྒྱུར། དམ་ཆོས་ཀྱིས་ཞུས)