《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གིས།

སྐར་གསོག་ལ་བརྟེན་ནས་གྲོང་གསེབ་ཀྱི་བཅོས་སྐྱོང་ཆེན་པོར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གིས་ཞིང་འབྲོག་པ་ཏང་ཡོན་གྱི་སྐར་གསོག་ལམ་ལུགས་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བསྟར་ཏེ་ཞིང་འབྲོག་པ་ཏང་ཡོན་ལ་དོ་དམ་གྱི་ལས་དོན“གནད་སྨིན་ཅན”དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ“རང་འགུལ་ཅན” ནུས་པ་འདོན་སྤེལ“གང་ལེགས་ཅན” ཕན་ཚུན་ལྟ་སྐུལ“ངོ་བོ་ཅན”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་ལྟེ་བར་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་རྨང་གཞིར་བྱེད་པའི་ཞིང་འབྲོག་པ་ཏང་ཡོན་དོ་དམ་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།

ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གིས་སྐར་གསོག་གི་ཚད་གཞི་ཁ་གསལ་བཟོས་ཤིང་། ཞིང་འབྲོག་པ་ཏང་ཡོན་གྱི་སྐར་གསོག་ཚད་གཞི་ནི། འོས་འགན་ལག་བསྟར་གྱི་སྐར་མ་40དང་། སྒྲིག་བཀུར་ཁྲིམས་སྲུང་གི་སྐར་མ་20 ནུས་པ་འདོན་སྤེལ་གྱི་སྐར་མ་40 བྱ་དགའི་སྐར་མ་1ནས་10བར་བཅས་ཀྱི་དྲང་ཕྱོགས་སྐར་གསོག་དང་དེ་བཞིན་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་སོགས་ཚུད་པའི་སྤ་སེ་གཅིག་གིས་ཁྲུ་སློག་པའི་ལྡོག་ཕྱོགས་གནས་ཚུལ་ཁག་ལྔ་ལས་གྲུབ་པས། ཞིང་འབྲོག་པ་ཏང་ཡོན་གྱི་ཕྲག་ཐོག་ཏུ་འགན་འཁྲི་ཡོད་པ་དང་། བརྩོན་ལེན་ལ་ཚད་གཞི་ཡོད་པ། བྱ་སྤྱོད་ལ་ཚད་ཡོད་པ། དཔྱད་ཞིབ་ལ་གཞི་འཛིན་ས་ཡོད་པ་བཅས་བྱུང་ཡོད། ཞིང་འབྲོག་པ་ཏང་ཡོན་གྱིས་རང་འགུལ་ངང་སྐར་གསོག་ལམ་ལུགས་ཀྱི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུཌ་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་། ཞིང་པར་སྟོན་ལས་བྱེད་རོགས། ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས། དང་བླངས་ཞབས་ཞུའི་བརྒྱུད་རིམ་དེ་ཏང་ཡོན་གྱི་སྐར་གསོག་བརྒྱུད་རིམ་དུ་གྱུར་ནས་ཞབས་ཞུ་དང་སྐར་གསོག་གཉིས་ཕན་ཐུབ་པ་བྱུང་ཡོད། ལོ་རེའི་ལོ་མཇུག་ཏུ་ཏང་ཡོན་ཚོའི་ལོ་འཁོར་གྱི་སྐར་གསོག་གནས་ཚུལ་ལ་སྤྱིའི་དཔྱད་བསྡུར་བྱས་ནས་ཕུལ་བྱུང་ཏང་ཡོན་དང་། ཚད་ལྡན་ཏང་ཡོན། གཞི་རྩའི་ཚད་ལྡན་ཏང་ཡོན། ཚད་གཞི་མ་ལོན་པའི་ཏང་ཡོན་བཅས་རིམ་པ་བཞི་དཔྱད་འདེམས་བྱས་ནས་བྱ་དགའ་ཆད་གཅོད་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་གི་ཡོད། “ཚད་གཞི་མ་ལོན་པའི་ཏང་ཡོན”ཚང་མ་རོགས་སྐྱོར་སློབ་གསོ་སྤེལ་ཡུལ་དུ་བརྩིས་ནས་རེ་རེ་བཞིན་སྐོང་འདྲི་བྱས་པ་དང་འབྲེལ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་མངགས་ནས་ཚད་གཞི་མ་ལོན་བར་རོགས་སྐྱོར་སློབ་གསོ་རྒྱག་གི་ཡོད་པ་རེད།