སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་བཀོད་ཉིན་རེ་བཞིན་ལེགས་སུ་ཕྱིན་པ།
དུས་རབས་གོང་མའི་ལོ་རབས་90པའི་དུས་འགོར་པེ་ཅིང་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་གྱི་ལས་འགན་ལྕི་པོ་ཁུར་བ་རེད། ལོ་ངོ་30ཡི་རིང་དང་ལྷག་པར་དུ་2015ལོར་ཏང་ཀྲུང་དབྱང་གིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་བྱས་ཚུན། པེ་ཅིང་གྲོང་ཁྱེར་གྱིས་སྨན་བཅོས་ཤེས་ལྡན་པའི་གཞི་ཁྱོན་དང་སྒྲིག་ཁོངས་ལྡན་པའི་ཚོགས་སྒྲིག་བོད་སྐྱོར་བྱེད་འགོ་ཚུགས་པ་རེད།
1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་ནས་བཟུང་། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་སྨན་བཅོས་འཕྲོད་བསྟེན་ཐད་རོགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། མ་དངུལ་འབོར་ཆེན་བཏང་སྟེ་གྲོང་ཁྱེར(རྫོང)སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་1.3ཙམ་བཏང་ནས་འཕྲོད་བསྟེན་རོགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཁག་6ལག་བསྟར་བྱས་པས། ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། ལྷག་པར་དུ་2016ལོར་མ་དངུལ་སྒོར་ཁྲི་5500བཏང་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་མཁྲེགས་ཆས་དང་མཉེན་ཆས་འཛུགས་སྐྲུན་ཐད་སྤྱད་པས། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཆ་རྐྱེན་དང་ཞབས་ཞུའི་ནུས་པ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་མུ་མཐུད་རོགས་སྐྱོར་གཏིང་ཟབ་བྱས་ནས། ནད་སྡོད་པུའི་བྱེད་ནུས་མཐོར་གཏོང་དང་སྒྱུར་བཀོད་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ་རེད།
སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་རྒྱུན་མཐུད་སྤེལ་བ།
སྨན་བཅོས་འཕྲོད་བསྟེན་གྱི་བོད་སྐྱོར་ལས་དོན་སྤེལ་རིང་། པེ་ཅིང་གྲོང་ཁྱེར་གྱིས་སྨན་བཅོས་ཚོཌ་པ་འཛུགས་སྐྱོང་བྱེད་པ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ཅིང་། 2007ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱིས་རྐང་འཛིན་སྨན་པ་ཟམ་མི་ཆད་པར་བཏང་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཁོངས་གཏོགས་ཀྱི་རྫོང་རིམ་པའི་སྨན་ཁང་ལ་རོགས་སྐྱོར་བྱས་པ་དང་། ཁག་ཐེངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྨན་བཅོས་རྐང་འཛིན་པ་འདེམས་གཏོང་གིས་བོད་སྐྱོར་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་ནུས་ཆེའི་རང་བཞིན་འགན་ལེན་གང་ལེགས་བྱས་ཡོད། 2015ལོའི་ཟླ་8པར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལག་བསྟར་བྱས་པ་ནས་2024ལོའི་ཟླ་8པའི་བར། པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྨན་ཁང་22ཀྱིས་དོ་དམ་དང་ནད་ཐོག་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་ཁག་ཐེངས་10ལ་བགོས་ནས་མི་171དང་མི་ཐེངས་190སོ་སོར་བཏང་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱས་ཤིང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་དང་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ཀྱི་འབད་འཐབ་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཆུ་ཚད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད་པ་རེད།
2023ལོར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་བཅོས་ཐུབ་པའི་ནད་ཆེན་རིགས་220ཟིན་ཞིང་། ལོར་སྒོ་བསྟེན་དང་དོས་དྲག་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་31.85ཟིན་པ་དང་། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་1.66ལྷག་ཙམ་ཟིན་ལ། གཤགས་བཅོས་བྱེད་ཐེངས་5890ཟིན་ནས། ལྗོངས་ཡོངས་སུ་སྨན་བཅོས་ནུས་པ་ཆེ་ཙམ་ལྡན་ཡོད་ལ། ཤུགས་རྐྱེན་ཡང་ངེས་ཅན་ལྡན་ཡོད་པས“ནད་ཆེན་བོད་དུ་སྨན་བཅོས་ཐུབ་པའི”ནུས་པ་སྔར་བས་འདོན་ཐུབ་པ་རེད།
སྤུས་རྟགས་བྱེད་སྒོའི་ལག་ལེན་གསར་གཏོད་བྱས་པ།
སྨན་བཅོས་འཕྲོད་བསྟེན་གྱི་བོད་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་ཚོགས་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་སྤུས་རྟགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། ཁོང་ཚོས་སྨན་ཁང་གིས“ཀ་པ་རིམ་པ་གསུམ”གཏོད་པ་དང“ཀ་པ་རིམ་པ་གསུམ་པ”སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་གཞིགས་ནས་འགན་འཁྲི་དོན་འཁྱོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་དང་དོ་དམ་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་བ་རེད།
གཞན་ཡང་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་ཚོགས་པས་ད་དུང་རིག་གཞུང་གླེང་སྟེགས་དང་། དགེ་སློབ་ཆ་སྒྲིག གཞི་ཁྱོན་ལྡན་པའི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཤེས་ལྡན་པའི་གསོ་སྐྱོང་གི་བྱེད་སྒོ་ཧུར་ཐག་སྤེལ་ནས། ས་གནས་དེ་གར་སྨན་བཅོས་རྐང་འཛིན་པ་དང་དོ་དམ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཁོང་ཚོས་ནད་ཁང་ཞིབ་བཤེར་གྱི་སློབ་ཁྲིད་དང་གཤགས་བཅོས་དཔེ་སྟོན་སོགས་བྱེད་སྟངས་སྣ་ཚོགས་བརྒྱུད་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་དོ་དམ་ཉམས་མྱོང་སློབ་ཁྲིད་བྱས་ནས། ས་གནས་དེ་གའི་སྨན་དོན་མི་སྣའི་ཆེད་ལས་བྱང་ཚད་དང་ཕྱོགས་བསྡུས་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྨན་བཅོས་ལག་རྩལ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། བོད་ལྗོངས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་བ་རེད།
(བསྟན་འཛིན་བཟང་མོས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)