འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་འགྲིགས་ཤང་གི་ས་བབ་མཐོ་ལ་ཚད་གཞི་མཐོ་བའི་ཞིང་ཁར་ལོ་ལེགས་ཐོག་མ་བྱུང་ཡོད།
སྔར་ནས་བཟུང་ས་བབ་མཐོ་ཚད་སྨི་4500ཟིན་པ་ནི་ཞིང་ལས་འཕེལ་རྒྱས་ཀྱི་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། གསོ་རླུང་མི་འདང་བ་དང་། སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ། དྲོད་ཚད་དམའ་བ། ས་རྒྱུ་ཞན་པ་བཅས་ཀྱི་དབང་གིས་ཞིང་ལས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། འོན་ཀྱང་འགྲིགས་ཤང་གི་ལས་བྱེད་མང་ཚོགས་ཚོས་དཀའ་ངལ་ལ་མི་སྐྲག་པར་ས་རྒྱུ་ལེགས་བཅོས་དང་། ཆུ་འདྲེན་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ས་བབ་མཐོ་སའི་སྐྱེ་འཚར་ལ་འཚམ་པའི་སྣ་ཁ་ལེགས་འདེམས་སོགས་བྱེད་ཐབས་བརྒྱུད་ས་རྒྱུ་ཞན་པའི་ཐང་རྒོད་དེ་ཞིང་ས་གཤིན་པོར་འགྱུར་བར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལེགས་བྱུང་བ་ལས་ས་གནས་དེ་གའི་མང་ཚོགས་ལ་རེ་བ་དང་གོ་སྐབས་གསར་པ་བྱུང་ལ། དེ་དང་འདྲ་བའི་ས་ཁུལ་གཞན་དག་གི་ཞིང་ལས་འཕེལ་རྒྱས་ལའང་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད། འགྲིགས་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་པད་མས། “ང་ཚོས་ས་བབ་མཐོ་ལ་ཚད་གཞི་མཐོ་བའི་ཞིང་ཁར་ལོ་ལེགས་བྱུང་བ་གོ་སྐབས་སུ་བྱས་ནས་ཞིང་ལས་ལག་རྩལ་གསར་པར་ཧུར་ཐག་སྦྱངས་ཏེ་ཕ་ཡུལ་འཛུགས་སྐྲུན་དེ་བས་ལེགས་པ་བྱེད་ཀྱི་ཡིན”ཞེས་བཤད།