《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

རང་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཞུགས་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་25ཉིན་2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པ(གཤམ་དུ“གྲངས་འཛིན་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་འགྲེམས་ཚོགས་ལྟེ་གནས་ཆེན་པོར་འགོ་ཚུགས་རྒྱུ་རེད།

གྲངས་འཛིན་དངོས་མང་སྟོན་ཚོགས་ནི་རང་རྒྱལ་གྱི་གྲངས་འཛིན་ཚོང་དོན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་ཆེད་ལས་འགྲེམས་ཚོགས་འབའ་ཞིག་རེད་ལ། རང་རྒྱལ་གྱི་གྲངས་འཛིན་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཡང་རེད། 2024ལོར་གྲངས་འཛིན་དངོས་མང་སྟོན་ཚོགས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དུ་ཐོག་མར་བཀོད་དེ་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀོང་ཀྲོའུ་ཚོང་འདུས། ཞབས་ཞུའི་ཚོང་དོན་ཚོང་འདུས་བཅས་དང་མཉམ་དུ་ཀྲུང་གོ་སྲིད་གཞུང་གི་སྲིད་སྐྱོང་གཙོ་གནད་ནང་བཅུག་ཡོད།

ད་ཐེངས་ཀྱི་གྲངས་འཛིན་དངོས་མང་སྟོན་ཚོགས་ནང་རང་ལྗོངས་ཀྱིས་བོད་ཀྱི་གྲངས་འཛིན་ཁེ་ལས་ཐོག་མར་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ལ་ཞུགས་རྒྱུ་དང་འབྲེལ། སྲིད་གཞུང་ཚོགས་པ་དང་འགྲེམས་གྲོས་ཚོགས་པ་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཞུགས་རྒྱུ་རེད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བོད་ཀྱི་གྲངས་འཛིན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཅུང་ཆེ་བའི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དང་བོད་ལྗོངས་ཀའོ་ཁྲེ་ཆ་འཕྲིན་ལག་རྩལ་ཞབས་ཞུ་ཚད་ཡོད་ཀུང་སིའི“གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན། གསར་པ”བཅས་ཀྱི་ལེགས་འདེམས་གྲངས་འཛིན་ཐོན་རྫས་འགྲེམས་སྟོན་ལ་ཞུགས་རྒྱུ་རེད། དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་གྲངས་འཛིན་ཁེ་ལས་ཀྱི་གྲངས་འཛིན་ཚོང་དོན་ཁྱབ་ཁོངས་ཀྱི་ཁྱད་ལྡན་ལེགས་ཆ་དང་མངོན་མེད་སྟོབས་ཤུགས་དྲིལ་བསྒྲགས་དང་ངོམ་སྟོན་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲངས་འཛིན་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་རོགས་ཟླ་དེ་བས་མང་པོའི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་གྲངས་འཛིན་ཚོང་དོན་ཁེ་ལས་ཕུལ་བྱུང་དེ་བས་མང་པོས་བོད་དུ་མ་འཇོག་དང་བྱ་གཞག་དར་རྒྱས་གཏོང་བར་ཡོང་རྒྱུའི་ཡིད་དབང་འགུག་ཐབས་བཅས་བྱས་ནས། རང་ལྗོངས་ཀྱི་གྲངས་འཛིན་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་སྲོག་ཤིང་དང་སྒུལ་ཤུགས་འཕྲུལ་འཁོར་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པའི་ཆེད་དུ་རེད། (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)