ལེ་ཚན་བཏོད་པའི་གཏམ།
འདི་ལོ་ནི་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་ཞིག་རེད་ལ། བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་65འཁོར་བའི་ལོ་ཞིག་ཀྱང་རེད། ལོ་65ཡི་རིང་། བོད་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་དམངས་ཀྱི་འབོད་སྒྲ་ཉན་པ་དང་། དམངས་ཀྱི་འདོད་བློ་གཅིག་ཏུ་བསྡུ་བ། དམངས་ཀྱི་བློ་གྲོས་བསྡུ་རུབ་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་པ་མ་ཟད། ད་དུང་སྒྱུར་བཅོས་བྱེད་པར་གྲོས་འཆར་བཏོན་པ་དང་མང་ཚོགས་ཀྱི་རེ་འདུན་གོང་ཞུ་བྱས་ཏེ། ཚད་ལོན་པའི་འགན་འཁྲི་སྒྲུབ་པའི་རྒྱུགས་ལན་རབ་དང་རིམ་པ་ཕུལ་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད། བོད་ལྗོངས་སྲིད་གྲོས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཁྲོད་ལེགས་སྐྱེས་ཧུར་ཐག་ཕུལ་བ། སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ཉམས་འགྱུར་མངོན་པར་བྱས་པ། སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་བསམ་འདུན་ཐོ་འགོད་བྱས་པ་བཅས་མཚོན་པར་བྱེད་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“སྲིད་གྲོས་ཨུ་ཡོན་གྱི་ཉམས་བཟང”ཞེས་པའི་ལེ་ཚན་གསར་དུ་འདོན་རྒྱུ་ཡིན་པས་ཚང་མས་དོ་སྣང་ཡོད་པ་ཞུ།
ལིའུ་ཅུན་ཐའོ་ནི་བོད་སྐྱོད་མི་རབས་གཉིས་པ་ཡིན་པ་དང་ལྷ་སར་འཚོ་བ་བསྐྱལ་ནས་ལོ་50ལྷག་ཙམ་སོང་། བོད་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ཤེས་པ་ལས་གཞི་རིམ་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། མི་སེར་དང་བར་ཐག་ཀྱང་ཉེ་རུ་ཕྱིན་ཡོད། གསར་འགྱུར་སྨྱན་སྦྱོར་ལས་ཀར་ཞུགས་ནས་ལོ་སུམ་ཅུ་སོང་བའི་ལིའུ་ཅུན་ཐའོ་ཡིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་པ། བཅར་འདྲི་རྩོམ་སྒྲིག་གི་འཐབ་ཕྱོགས་དང་པོར་གཞི་ཚུགས་ཏེ། གསར་འགྱུར་འཕྲིན་སྤེལ་དང་། སྲིད་ཇུས་འགྲེལ་བཤད། དམངས་འཚོ་གཟབ་ཉན། འགལ་བ་འདུམ་འགྲིག་བཅས་བྱས་པ་མ་ཟད། ད་དུང་དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་ཀྱི་གསར་འགྱུར་ཁག་གཅིག་འཕྲིན་སྤེལ་བྱས་པར་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ཁོང་གིས་བྲིས་པའི་གསར་འགྱུར་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཐེངས་མང་ཐོབ་མྱོང་ཡོད།
མིག་སྔར། ལིའུ་ཅུན་ཐའོ་ཡིས《བོད་ལྗོངས་གཞོན་ནུའི་ཚགས་པར》གྱི་རྩོམ་སྒྲིག་པུའི་ཀྲུའུ་རེན་དང་བོད་ལྗོངས་གུང་གཞོན་སྡེ་ཚོགས་སྨྱན་སྦྱོར་གསར་པའི་ལྟེ་གནས་ཀྱི་འགན་འཁུར་བའི་འགན་འཁུར་ཞིང་། གཙོ་བོ་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་གསར་འགྱུར་བཅར་འདྲི་རྩོམ་སྒྲིག་དང་།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
ནང་དོན་ཇུས་འགོད། རྩོམ་ཡིག་ཞིབ་དཔྱད་སོགས་ཀྱི་འགན་འཁུར་གྱི་ཡོད། 2023ལོའི་ཟླ་1པོར་ཁོང་ལ་ཐོབ་ཐང་གསར་པ་ཞིག་བྱུང་བ་སྟེ། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དེ་རེད།
“བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཕྲིན་སྤེལ་བ་དང་དཔང་པོ་བ་ཞིག་ནས་ཐེ་ཞུགས་པའི་བར་གྱི་ཐོབ་ཐང་ལ་འགྱུར་ལྡོག་ཕྱིན་པ་ལས་རང་ཉིད་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་། དེ་ནི་ཡུན་རིང་སྨྱན་སྦྱོར་ལས་ཀ་བྱེད་མཁན་རང་ཉིད་ཀྱི་ངོས་ནས་བརྗོད་ན་ཐོབ་ཐང་ལ་འགྱུར་བ་བྱུང་བ་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་དེ་བས་ཀྱང་ཡིན”ཞེས་ལིའུ་ཅུན་ཐའོ་ཡིས་བཤད།
ཏང་གི་གསར་འགྱུར་ལས་དོན་པ་ཞིག་ཡིན་པའི་ང་ཚོས“ནུས་བཞི”གང་ཡོད་བཏོན་ནས་དམངས་འཚོ་ཤེས་རྟོགས་བྱས་ཚེ། གཞི་ནས་བརྩམས་ཆོས་ཡག་པོ་དང་ཐོན་རྫས་ཡག་པོ་འདོན་ཐུབ་པ་དང་། འགན་འཁྲི་ལག་བསྟར་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ་པ། བསམ་བློ་དང་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཐུབ་པ་མ་ཟད། ད་དུང་སྤུས་ཚད་མཐོ་པོས་ཐབས་འདོན་ཇུས་འབུལ་ཡང་བྱེད་ཐུབ། རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་ཚུན། ལིའུ་ཅུན་ཐའོ་ཡིས་སྨྱན་སྦྱོར་བའི་ལས་རིགས་ཀྱི་ཕུགས་བསམ་དང་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཟུང་འབྲེལ་དམ་ཟབ་བྱས་ཡོད། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་རྨང་གཞིར་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་འཕེལ་རྒྱས། དམངས་འཚོའི་བདེ་རྩ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱས་ཤིང་། བོད་ཀྱི་མཐོ་སློབ་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རིག་ཚན་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཡོད། དུས་མཚུངས་སུ་རང་ངོས་ཀྱི་ཁྱད་ཡོན་སྤྱད་དེ་སྨྱན་སྦྱོར་གསར་པ་དང་བརྙན་ལམ་ཐུང་ངུ་སོགས་ཀྱི་རྣམ་པ་བརྒྱུད“སྲིད་གྲོས་ཀྱི་གཏམ་རྒྱུད”ཧུར་ཐག་བཤད་པ་ལས་མང་ཚོགས་སྔར་བས་མང་པོས་མི་དམངས་སྲིད་གྲོས་རྒྱུས་ལོན་དང་། ཨུ་ཡོན་གྱིས་འགན་ནུས་སྒྲུབ་པ་དང་ནུས་པ་འདོན་པའི་གནས་ཚུལ་ལ་དོ་ཁུར་བྱུང་ཡོད།
འདི་ལོ་ནི་སྲིད་གྲོས་ཨུ་ཡོན་ཡིན་པའི་ལིའུ་ཅུན་ཐའོ་ཡིས་འགན་ནུས་སྒྲུབ་པའི་ལོ་2པ་ཡིན་ཞིང་། ཁོང་གིས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་གྲ་སྒྲིག་ཚགས་ཚུད་བྱས་པའི་གྲོས་གཞི་ཁག་གཉིས་ཕུལ་ཡོད།
གྲོས་གཞི་གྲ་སྒྲིག་བྱེད་སྐབས་ལིའུ་ཅུན་ཐའོ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྡེ་ཚན་ཁག་ཏུ་བསྐྱོད་དེ་གཞོན་ནུ་ལས་དོན་པའི་ས་ནས་གནས་ཚུལ་ཤེས་རྟོགས་དང་། བསམ་འཆར་ཉན་འཇོག དཔྱད་ཡིག་གསེད་བཀྲོལ་བཅས་བྱས་ཡོད། བརྟག་ཞིབ་བྱས་པ་བརྒྱུད་ཁོང་གིས《བོད་ཀྱི་མཐོ་རིམ་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི》ཕུལ་ནས་མུ་མཐུད་མཐོ་སློབ་ཀྱིས“ལོ་ཆུང་བྱིས་པའི་རྩ་འཛུགས་དང་བསམ་བློའི་འདུ་ཤེས་ཀྱི་སློབ་གསོའི”རིག་ཚན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་རིག་གཞུང་སློབ་གནས་ཀྱི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་དང་། འབྲེལ་ཡོད་ལྕག་སྐུལ་སྲིད་ཇུས་བཏོན་ནས་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་དང་སློབ་གྲྭ་འབྲིང་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པར་ལས་ཐོག་ལོ་ཆུང་བྱིས་པའི་རྩ་འཛུགས་དང་བསམ་བློའི་འདུ་ཤེས་སློབ་གསོའི་རིག་ཚན་གྱི་ཆེད་ལས་རབ་འབྱམས་པ་སྦྱངས་བརྩོན་བྱ་རྒྱུའི་ལྕག་སྐུལ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྣམ་གྲངས་ཁྲོད“ལོ་ཆུང་བྱིས་པའི་རྩ་འཛུགས་ཀྱི་རིག་ཚན་ཆེད་དོན”འཛུགས་རྒྱུ། ལོ་ཆུང་བྱིས་པའི་རྩ་འཛུགས་ལ་རིག་གཞུང་ཚན་ཁག་འཛུགས་སྐྱོང་གི་གྲོན་དངུལ་ངེས་ཅན་ཆེད་དམིགས་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་གྲོས་འགོ་བཏོན་ཡོད།
གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བཅའ་སྡོད་བྱེད་ཡུལ་གྲོང་ཚོར་བརྟག་ཞིབ་བྱེད་རིང་ལིའུ་ཅུན་ཐའོ་ཡིས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་སྒྲུང་གྲོང་ཚོའི་གཞུང་ལམ་ཞིག་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པ་ཤེས་རྟོགས་བྱུང་བ་སྟེ། ལམ་དེའི་གཡས་གཡོན་གཉིས་ནི་གཡང་གཟར་ཡིན་པ་དང་། གལ་སྲིད་དྲག་ཆར་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ཐོལ་བྱུང་གནོད་འཚེ་ཐོན་ཚེ་ལམ་རྡིབ་པ་དང་སྲུབས་གས་ཤོར་སླ་བས་གྲོང་མི་ཕྱིར་སྐྱོད་ལ་ཤུགས་རྐྱེན་ཐེབས་རྒྱུ་མ་ཟད། གྲོང་ཚོ་འཕེལ་རྒྱས་ལའང་འགོག་རྐྱེན་ངེས་ཅན་བཟོས་ཡོད། གནས་ཚུལ་དེར་དམིགས་ཏེ་ཁོང་གིས《བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་སྒྲུང་གྲོང་ཚོའི་ལམ་ངོས་རྡིབ་པ་མྱུར་བཟོའི་རྣམ་གྲངས་སྐོར་གྱི་གྲོས་གཞི》ཕུལ་ནས་གྲོང་ཚོའི་ལམ་ངོས་རྡིབ་པ་སྒྱུར་བཀོད་བྱས་ཏེ་གྲོང་མི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་རྒྱུ་དང་སྒྲུང་གྲོང་ཚོ་དང་དེའི་ཉེ་འཁོར་གྱི་གྲོང་ཚོ་དང་། གྲོང་ལྷན། ཤང་གྲོང་རྡལ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ལིའུ་ཅུན་ཐའོ་ཡི་འགན་འཁྲི་སྒྲུབ་སེམས་ཤིན་ཏུ་ཆེ་ཞིང་། ཁོང་གིས་སླད་ཕྱིན་གྱི་ལས་དོན་ཁྲོད་ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཕྱོགས་ཁག་གི་ཤེས་བྱར་སློབ་སྦྱོང་ཧུར་ཐག སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་སྟངས་དང་སྒྲུབ་ལུགས་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་གི་ཡིན། སྨྱན་སྦྱོར་བའམ་ཡང་ན་སྲིད་གྲོས་ཨུ་ཡོན་གང་ཡིན་རུང་སེམས་ནང་ཕུགས་འདུན་ཆེན་པོ་ཡོད་པར་བྱ་རྒྱུ་མ་ཟད། ཏན་ཏན་ཏིག་ཏིག་གིས་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ལ་མཐུན་སྒྲིལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་དུས་ཐོག་ཏུ་མཚོན་པ། མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། དུས་རབས་འཕེལ་རྒྱས་དང་ཡར་རྒྱས་ཡོང་ཆེད་སྐུལ་ལྕག་དང་འབོད་སྐུལ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། (སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)