《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月22日

གཙང་ལ་བསྟོད་པ།

དོན་ཁང་བསོད་ནམས་བསྟན་འཛིན།

སྐྱིད་པོ་གཙང་གི་ལུང་པ། །

ཕ་ཡུལ་ཡིན་པས་དགའ་བྱུང་། །

བློ་རིག་རྒོད་པའི་གཙང་ཕྲུག །

ཤེས་བརྩོན་གཞོན་ནུའི་མིག་དཔེ། །

མཐོང་སྨོན་ཤེས་རིག་དར་ས། །

ས་སྐྱ་མཁས་པའི་འབྱུང་གནས། །

རྒྱལ་རྩེ་འབྲུ་དྲུག་འཛོམས་པ། །

གཙང་ཡུལ་མཛེས་པའི་རྒྱན་རེད། །

མཛེས་པའི་ཟོན་པ་ལྷམ་དང་། །

སྤུས་ལྡན་ཤད་མ་སྤུ་ཕྲུག །

ཚགས་ལེགས་གསེར་དངུལ་རྒྱན་ཆས། །

ལག་ཤེས་དར་བའི་གཙང་ཡུལ། །

ཇོ་མོ་གླང་མའི་ཕ་ཡུལ། །

མྱང་ཆུ་གཙང་པོའི་བཞུར་ཡུལ། །

མཁས་དབང་མང་པོའི་འཁྲུངས་ཡུལ། །

ང་ཚོ་གཙང་ལ་ཡོད་དོ། །

ཤེས་རིག་ལས་ལ་བརྩོན་པ། །

ཇ་ཆང་ལོངས་སྤྱོད་འཛོམས་པ། །

གཙང་གི་སྟག་ཤར་སྨན་ཆུང་། །

མི་ཚེ་སྐྱིད་ལ་རོལ་སོང་། །

མི་ཆོས་རིག་གནས་དར་བ། །

དཀའ་སྤྱད་ལས་བརྩོན་ཆེ་བ། །

སེམས་བཟང་གཙང་གི་མི་རྒྱུད། །

བོད་ཡུལ་མཛེས་པའི་རྒྱན་རེད། །