《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月22日

ས་མཐོར་སྨན་བཅོས་ཞབས་ཞུ་བསྒྲུབས་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།

ལོ་71ལ་སླེབས་པའི་རྒན་མོ་བཀྲ་སྒྲོལ་གྱི་མིག་གི་རྨ་རས་བཀྲོལ་རྗེས“གསལ་གསལ་ཐིང་ཐིང་མཐོང་གི་འདུག”ཅེས་མཆི་ཞག་འཁོར་བཞིན་དུ་བརྗོད་པ་དང་ཁོང་གིས་སྨན་པ་ལུང་ཐན་གྱི་ལག་ནས་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

ལོ་47ལ་སླེབས་པའི་ལུང་ཐན་ནི་ཧྲའན་ཤིས་ཤིས་ཨན་གྲོང་ཁྱེར་གྱི་སྨན་ཁང་དང་པོའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཡིན་ཞིང་། 2023ལོར་བོད་སྐྱོར་སྨན་བཅོས་རུ་ཁག་ནང་ཞུགས་རྗེས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་མིག་ནད་ཀྱི་ནད་ཐོག་སྨན་བཅོས་ལ་ཡོང་ཡོད།

རྒན་མོ་བཀྲ་སྒྲོལ་སྨན་ཁང་དུ་ཡོང་སྐབས་ལུང་ཐན་མངའ་རིས་ལ་སླེབས་མ་ཐག་ཡིན་པ་དང་། སྨན་ཁང་གིས་བོད་སྐྱོར་སྨན་པས་སྣེ་ཁྲིད་པའི་རིགས་གཅིག་མཁས་ཅན་གྱི་ཚོགས་པ་ཞིག་འཕྲལ་དུ་བཙུགས་ཏེ་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལ་བརྟེན་ནས་ཡུལ་དེར་མིག་སྐྱི་བརྗེ་བའི་གཤགས་བཅོས་ཐོག་མ་དེ་ལེགས་སྒྲུབ་བྱས་ཡོད།

མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས། ལོ་30ཡི་རིང་ཧྲའན་ཤིས་ཀྱིས་སྔ་རྗེས་སུ་ཁག་ཐེངས་བཅུའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་ཤེས་ལྡན་པ་283དང་། རིམ་པ་གསུམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་གྱི་སྨན་བཅོས་ཤེས་ལྡན་པ་290མངགས་ནས་མངའ་རིས་ས་ཁུལ་གྱི་སྨན་ཁང་8ལ་རོགས་སྐྱོར་བྱས་པ་མ་ཟད། ཧྲའན་ཤིས་ཞིང་ཆེན་མི་དམངས་སྨན་ཁང་སོགས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་11དང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དབར“སྨན་ཁང་གིས་སྡེ་ཁག་འགན་གཙང་ལེན་པའི”གྲོས་མཐུན་བཞག་སྟེ་གཙོ་གནད་ཚན་ཁག་མང་པོ་ཞིག་ཧུར་ཐག་བཏོད་ཡོད། ལོ་དེ་དག་ནང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ཚན་ཁག་30ལྷག་ཙམ་མང་དུ་བཏང་བས་སྨན་བཅོས་རོགས་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།

བོད་སྐྱོར་ལོ་གཅིག་རིང་ལུང་ཐན་གྱིས་ཚོགས་པའི་སྣེ་ཁྲིད་དེ་སྐྱ་འགྲིབ་གཤགས་བཅོས་ཐེངས་200ལྷག་ཙམ་བྱས་པར་གཤགས་བཅོས་རྗེས་ཀྱི་མཉམ་ཐོན་ནད་རིགས་ཚབས་ཆེན་གཅིག་ཀྱང་ཐོན་མེད། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ཚེ་རིང་དོན་གྲུབ་ནི་ལུང་ཐན་གྱི་དགེ་ཕྲུག་དང་པོ་དེ་རེད།

“ན་ནིང་ང་རྒན་ལུང་ལགས་དང་མཉམ་དུ་ཟབ་སྦྱོང་ལ་ཕྱིན་པ་ཡིན། ཁོང་གིས་ང་ལ་གཤགས་བཅོས་བྱེད་སྟངས་དམར་ཁྲིད་གནང་བ་མ་ཟད། ད་དུང་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་དང་ཉམས་མྱོང་ཡང་བསླབས་གནང་བས། ངའི་ཆེད་ལས་ཤེས་བྱ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སྦྲགས་ལག་རྩལ་ཡང་ཡག་ཏུ་ཕྱིན་སོང”ཞེས་ཚེ་རིང་དོན་གྲུབ་ཀྱིས་བརྗོད།

【སྣུར་སྲིང་ལྟ་ཀློག】

གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་དང་འཕྲོད་སྦྱོར། ནད་ཡམས་སྔོན་འགོག་དང་ཚོད་འཛིན། བོད་ཀྱི་གསོ་བ་རིག་པ་སོགས་ཚུད་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རོགས་སྐྱོར་དང་ལེན་བྱ་ཡུལ་ལ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་6འཛུགས་རོགས་བྱས་པ། སྨན་བཅོས་ཚོགས་པ་1165དང་ཡུལ་དེའི་སྨན་བཅོས་མི་སྣ་3192ལ་རོགས་ཁྲིད་བྱས་པ། ལག་རྩལ་ཁག་2219ཡི་སྟོང་ཆ་གསབ་པ་མ་ཟད། ད་དུང་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ཡོད་པ་རེད།