《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月22日

ཕུགས་བསམ་གྱི་ས་བོན་ལ་མྱུ་གུ་གསར་པ་འབུས་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཤན་གོ

“རྒན་ལགས། གཅུས་གཟེར་ཚང་མ་དམ་པོ་སྒྲིམ་རོགས་གནང་། ཕྲུ་གུས་བེད་སྤྱོད་གཏོང་ཡས་རེད། བརྟན་པོ་བྱུང་ན་གཞི་ནས་བདེ་འཇགས་ཡོང་གི་རེད”ཅེས་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་དུ་སློབ་སྤྱི་ལུའེ་ཕུང་གིས་དཔེ་སྒྲོམ་གསར་པ་བསྒྲིགས་བཞིན་པའི་ལས་མིར་དེ་ལྟར་མངགས།

ལུའེ་ཕུང་ནི་ཐེན་ཅིན་གྱི་བོད་སྐྱོར་ལས་བྱེད་པ་ཡིན་ཞིང་། 2022ལོའི་ཟླ་7པར་ཁོང་དང་མཉམ་དུ་སློབ་གྲྭར་ཡོང་མཁན་ད་དུང་ཐེན་ཅིན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་14ཡོད་པ་དང་། དེ་དག་ནང་སློབ་གྲྭའི་སློབ་ཁྲིད་ཀྱི་རིག་ཚན་ཚང་མ་སློབ་མཁན་ཡོད་པ་རེད།

སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། ཐེན་ཅིན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་ཁག་ཐེངས་རིམ་པས་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཡོངས་བསྒྲགས་སློབ་ཚན་དང་དཔེ་སྟོན་སློབ་ཚན་60ལྷག་ཙམ་འཚོགས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11ཏུ་མི་ཐེངས་200ལྷག་ཙམ་ལ་སློབ་ཁྲིད་གསོ་སྦྱོང་བྱས་ཡོད། “ན་གཞོན་དགེ་རྒན་དང་། རྐང་འཛིན་དགེ་རྒན། ཆེད་ལས་དགེ་རྒན”བཅས་ཀྱི་ཤེས་ལྡན་པའི་གྲ་སྒྲིག་གསོ་སྦྱོང་གི་འཁོར་འབྲེལ་ལ་དམིགས་ནས་བོད་སྐྱོར་དགེ་རྒན་དང་ཡུལ་དེའི་དགེ་རྒན་དབར་དགེ་སློབ་ཀྱི་རོགས་སྐྱོར་ཆ་སྒྲིག་འབྲེལ་བ་བཙུགས་ཏེ་ཕན་ཚུན་རོགས་རམ་བྱས་ནས་སློབ་ཁྲིད་ཆུ་ཚད་མཐོ་རུ་བཏང་ཡོད།

བོད་སྐྱོར་དགེ་རྒན་སླེབས་པས་ཕྲུ་གུ་ཚོར་སྐར་ཁུང་གསར་པ་ཞིག་ཕྱེ་ཡོད་ལ། ཁོང་ཚོའི་སེམས་སུ་རེ་བའི་ས་བོན་ཞིག་ཀྱང་བཏབ་ཡོད།

ཐེན་ཅིན་གྱི་བོད་སྐྱོར་དགེ་རྒན་ཀྲའོ་ཅ་པིང་ཉེ་དུས་བློ་ཧ་ཅང་བདེ་པོ་ཡོད་ཅིང་། རྒྱུ་མཚན་ནི་ཁོང་གིས་རུ་སྣེ་ཁྲིད་པའི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལག་རྩེད་སྤོ་ལོའི་རུ་ཁག་གིས་དབྱར་གསེང་རིང་ཐེན་ཅིན་གྱི་ལག་རྩེད་སྤོ་ལོའི་དབྱར་སྒར་ལ་ཞུགས་པ་དང་། འགྲན་བསྡུར་ཐེངས་6བྱས་རྗེས་ཨང་གཉིས་པ་བླངས་པས་རེད།

སློབ་གྲྭའི་འཚོ་བ་ཕུད། བོད་སྐྱོར་དགེ་རྒན་ཚོས་ད་དུང་ཕྲུ་གུ་ཚོ་བོད་ནས་འཁྲིད་དེ་ཁོང་ཚོའི་མཐོང་རྒྱ་ཆེ་རུ་ཧུར་ཐག་གཏོང་གི་ཡོད། 2023ལོའི་ཟླ་11པར་ཐེན་ཅིན་བོད་སྐྱོར་ལས་དོན་རུ་ཁག་གི་མཐུན་སྦྱོར་འོག་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་ཆུང་སློབ་མ་སྐལ་དར་སྒྲོལ་མ་དང་སློབ་མ་གཞན་3གྱིས་ཐེན་ཅིན་གྲོང་ཁྱེར་ཧོ་ཕིང་ཆུས་སི་ཕིང་ཏུང་ཏའོ་སློབ་ཆུང་དུ་དུས་ཡུན་གཟའ་འཁོར་གཅིག་སློབ་སྦྱོང་ལ་བསྐྱོད་ཡོད།

“ཉིན་མོ་སློབ་ཚན་འཚོགས་པ་དང་སློབ་ཚན་གྲོལ་རྗེས་ཆ་སྒྲིག་རོགས་ཟླ་དང་མཉམ་དུ་ཁྱིམ་ལ་ལོག་ནས་མཉམ་ཟ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་བྱས་པས། ས་ཆ་གཉིས་ཀྱི་ཕྲུ་གུའི་དབར་ཕན་ཚུན་རྒྱུས་ལོན་ཡག་པོ་བྱུང་ནས་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད”ཅེས་ཐེན་ཅིན་གྱི་བོད་སྐྱོར་ལས་བྱེད་པ་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ལང་ཅིང་གིས་དེ་ལྟར་བརྗོད།

【སྣུར་སྲིང་ལྟ་ཀློག】

2012ལོ་ནས་2022ལོ་བར་རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་བོད་ལ་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་2515.06བཏང་བ་དང་། ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3409ཡོད་པ་དེ་དག་ལ་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་གྲུབ་པ་དང་སློབ་མཚམས་ཚང་མའི་སློབ་མར་རོགས་སྐྱོར་གྱི་མ་ལག་བཙུགས་ཡོད། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་དོན། བོད་ཀྱི་མི་ཁྲི་10རེའི་ཁྲོད་དུ་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་ཚད་2010ལོའི་མི་5507ནས་2020ལོའི་མི་11019བར་མང་དུ་ཕྱིན་ཡོད།