མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་རྒན་རྒོན་འགའ་ཤས་སྒེའུ་ཁུང་གི་འགྲམ་དུ་བསྡད་ནས་བག་ཕེབས་ངང་གླེང་མོལ་བྱེད་བཞིན་འདུག སྨི་ངོས་གྲུ་100ལྷག་ཙམ་ཡོད་པའི་ཚོམས་ཆེན་དུ་དཔེ་ཀློག་ཁུལ་དང་། ཟ་མ་ཟ་ཁུལ་དང་ངལ་གསོ་རྒྱག་ཁུལ། བྱིས་པའི་རོལ་རྩེད་ཁུལ་སོགས་གང་དགོས་ཆ་ཚང་པོ་ཡོད།
སྐབས་རེ་ཁྱིམ་བདག་གིས་ཕྲུ་གུ་བསུ་ཁོམ་མ་བྱུང་ཚེ་ཕྲུ་གུ་ཚོས་དེ་གར་སྦྱོང་ཚན་འབྲི་བར་ཡོང་གི་ཡོད། ས་ཆ་གཞན་གྱི་ཡུལ་སྐོར་བ་དེ་གར་ངལ་གསོ་བར་ཡོང་སྐབས་ལས་དོན་པས་གསོ་རླུང་མཁོ་འདོན་བྱེད་པ་དང་འཐུང་ཆུ་སྐྱེལ་བ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད།
ན་ནིང་པེ་ཅིང་གིས་མ་དངུལ་བཏང་ནས་རོགས་སྐྲུན་བྱས་པའི་ཏང་དམངས་ཞབས་ཞུ་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ཏེ་ད་ཆ་སྡེ་ཁུལ་མང་ཚོགས་ཀྱི་དྲོ་སྐྱིད་ལྡན་པའི་ས་ཚིགས་ཤིག་ཏུ་གྱུར་ཡོད། ཀླུ་སྒུག་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་རྒྱལ་མཚན་གྱིས“ང་ཚོས་ཉི་གདུགས་དང་། ཝེ་པོ་ཚ་ཐབ། འཚེམ་འཁོར་སོགས་རིན་མེད་དུ་སྤྱོད་པའི་ཞབས་འདེགས་ཞུ་གི་ཡོད། མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་འཕྲལ་དུ་ང་ཚོའི་འདིར་ཡོང་གི་འདུག ལས་སྟེགས་ལ་བརྟེན་ནས་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་འགོ་འཁྲིད་པ། མང་ཚོགས་ཞུགས་པ་བཅས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བཏང་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི‘མཐའ་མའི་འགག་གནད’བསལ་ཏེ་གྲོང་མིར་གཞི་རིམ་བཅོས་སྐྱོང་གི་དྲོ་སྐྱིད་ཚོར་དུ་བཅུག་ཡོད”ཅེས་བཤད།
པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་། ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཆུས་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཀྲེང་གིས་ད་དུང་ཡང་གསལ་པོར་ངེས་པ་ཞིག་ནི། རོགས་སྐྲུན་མ་བྱས་གོང་ཏང་དམངས་ཞབས་ཞུ་ལྟེ་གནས་ཁག་གཅིག་གི་སྒྲིག་བཀོད་རྙིང་པ་ཡིན་པ་མ་ཟད། ད་དུང་མང་ཚོགས་ཀྱི་རྒྱུན་གཏན་བྱེད་སྒོ་སྤེལ་ཡུལ་དང་ཐག་རིང་བས་དོན་དག་བསྒྲུབ་རྒྱུར་ཡང་སྟབས་བདེ་མེད་པ་དེ་རེད།
2023ལོ་ནས་བཟུང་། པེ་ཅིང་གིས་མུ་མཐུད་བོད་སྐྱོར་མ་དངུལ་སྒོར་ཁྲི་750བཏང་ནས་ཁོངས་གཏོགས་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་62སྒྱུར་བཀོད་དང་འཛུགས་སྐྲུན་བྱས་ཤིང་། ཏང་དམངས་ཞབས་ཞུ་ལྟེ་གནས་གསར་པ་གཙང་ཞིང་གྲལ་འགྲིག་ལ་དེ་དག་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ས་ཁོངས་སུ་བསྐྲུན་ཡོད་པས་འགྲོ་འོང་བྱེད་མཁན་ཏང་ཡོན་དང་མང་ཚོགས་ཀྱི་ཡིད་དབང་འགུགས་གང་ཐུབ་བྱས་ཡོད།
པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏེང་ཝུའེ་ཡིས། ཁྲེང་ཀོན་ཆུས་ཀྱིས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་དོན་པ་པེ་ཅིང་དུ་ཞབས་ཞུ་དོ་དམ་སྦྱོང་བར་བཏང་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད། དེ་དང་ཆབས་ཅིག པེ་ཅིང་འཛུགས་སྐྲུན་སྤྱི་ཚོགས་ལས་དོན་པའི་མ་ལག་གི་ཉམས་མྱོང་ནང་འདྲེན་བྱས་ནས་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོ(སྡེ་ཁུལ)78ཀྱི་སྤྱི་ཚོགས་ལས་དོན་པའི་མ་ལག་རགས་ཙམ་བསྐྲུན་ཡོད། ན་ནིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཁྱོན་བསྡོམས་སྤྱི་ཚོགས་ལས་དོན་པ་900ལྷག་ཙམ་བསྡུས་ནས་གཞི་རིམ་བཅོས་སྐྱོང་གི་འཐབ་ས་དང་པོར་སྡེ་ཁུལ་གྱི་ལས་དོན་ཁག་ལ་ཧུར་ཐག་ཞུགས་ཏེ་གྲོང་མིའི་དགོས་མཁོ་ཤེས་རྟོགས་དང་གནད་དོན་དངོས་ཐག་གཅོད་བྱེད་པར་བཏང་ཡོད།
【སྣུར་སྲིང་ལྟ་ཀློག】
བོད་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་གསར་གཏོད་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་གྱི་འབྲེལ་གཏུག་ས་ཚིགས་ཀྱི་ལས་ཀའི་ཇུས་གཞི་དང་གྲོང་གསེབ་བཅོས་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལག་བསྟར་ཇུས་གཞི་སོགས་བཟོས་ནས་བཏོན་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང“རིག་ལྡན་གྲོང་ཁྱེར”“རིག་ལྡན་མཐའ་སྲུང”གང་མྱུར་བསྐྲུན་པར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་། གྲོང་གསེབ། གྲོང་ལྷན་བཅས་དང་སྡེ་ཁུལ་དུ“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུ་དོ་དམ་དང“སྔོན་གཏོད་ལེགས་བརྩོན་དང་། རྨང་བརྟན་དམངས་ཕན། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཡོད།