མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཤན་གོ
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཡར་ཀླུང་གཙང་པོའི་ངོགས་ཀྱི་སྤྱི་ལེ་50ལྷག་ཙམ་གྱི་འགྲོ་ལམ་གཞོགས་གཉིས་སུ་ལྗོན་ཤིང་གི་ལོ་འདབ་རྒྱས་ནས་གང་སར་སྔོ་ཐིང་ཐིང་དུ་གྱུར་ཏེ་མི་རྣམས་ལ་དེ་ནི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་ས་མཐོའི་ལྟེ་བ་ཨེ་ཡིན་སྙམ་པའི་སྣང་བ་ཞིག་སྟེར་སྲིད།
ལོ་20ཡི་གོང་། ཧྲན་ཏུང་ཝུའེ་ཧྥང་གི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་རྣམ་གླིང་རྫོང་དུ་སླེབས་སྐབས་རྫོང་གྲོང་ཚང་མར་ལྗོན་ཤིང་ངོ་དྲག་པ་གཅིག་ཀྱང་མེད། རྣམ་གླིང་རྫོང་དུ་བྱེ་རླུང་ལྡང་ཆེ་བ་དང་། རླངས་པར་གྱུར་ཚད་ཆེ་བ། བཞའ་ཚན་དང་ས་བཅུད་ཚབས་ཆེན་ཤོར་ཏེ་ལྗོན་ཤིང་གསོན་ཁག་པོ་ཡོད། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་ཆེད། ཝུའེ་ཧྥང་གི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པས་ཝུའེ་ཧྥང་གླིང་ག་དང་པོ་བསྐྲུན་ནས་རྣམ་གླིང་རྫོང་གྲོང་དུ་ལྗོན་ཤིང་འདེབས་འགོ་ཚུགས་པ་རེད།
2008ལོར་ཝུའེ་ཧྥང་གི་བོད་སྐྱོར་ལས་བྱེད་པ་ཁག་གསུམ་པ་བཅའ་སྡོད་བྱས་རྗེས་ཤིང་འཛུགས་ནགས་བཟོ་ནས་འགོ་བཙུགས་ཏེ་སྐྱེ་ཁམས་བོད་སྐྱོར་གྱི་ལས་དོན་སྤེལ་ཡོད། ཁོང་ཚོས་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་དང་མཉམ་དུ་ནགས་ལས་ཀྱི་རིགས་གཅིག་མཁས་ཅན་མང་པོའི་བསམ་འཆར་བསྡུ་ལེན་བྱས་ཏེ། རྫོང་ཡོངས་སུ་ལོ་གསུམ་གྱི་སྔོ་འགྱུར་ནགས་བཟོ་འདུ་འགོད་ཀྱི་བྱ་སྤྱོད་སྤེལ་བ་དང་། ཚན་རིག་དང་མཐུན་པར་ཤིང་འདེབས་སྟངས་སྤྱད་ནས་རྒྱ་ལྕང་དང་སྦྱར་པ་རྐང་ཁྲི་10ལྷག་ཙམ་བཏབ་པ་དང་ཆབས་ཅིག དུས་མཇུག་གི་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་པས་ལྗོན་ཤིང་གསོན་ཚད་80%ཡན་ཟིན་ཡོད་པ་རེད།
བོད་སྐྱོར་ལས་བྱེད་པ་དང་ཡུལ་དེའི་ལས་བྱེད་མང་ཚོགས་ཚོས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་2024ལོར་དཔེ་སྟོན་ཁུལ་དུ་རྒྱ་ལྕང་དང་སྦྱར་པ་སོགས་ཀྱི་སྡོང་ཕྲུག་རྐང་ཁྲི་288བཏབ་ནས་ནགས་བཟོ་མུའུ་ཁྲི་4ཟིན་པ་དང་ལྗང་མདོག་བར་ཁྱམས་ནགས་དྲ་དང་ཆུ་ཡུར་སྤྱི་ལེ་100བསྐྲུན་པས། བྱེ་ས་དང་། འདམ་ར། ནགས་ས། ལྗོན་ཤིང་བཅས་རང་བྱུང་མཛེས་ལྗོངས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་བཀོད་པ་ཆེན་པོ་ཞིག་གྲུབ་ཡོད་པ་རེད།
དཔེ་སྟོན་ཁུལ་ཉེ་འགྲམ་གྱི་ཐང་རྒོད་མུའུ་5000ལྷག་ཙམ་ཞིང་ས་གཤིན་པོར་གྱུར་པ་དང་། རྨོ་ཞིང་མུའུ་ཁྲི་2ལྷག་ཙམ་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ། ཞོག་ཁོག་དང་། ནས། པད་ཁ་སོགས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་ཐོན་འབབ་ཆེས་ཆེར་འཕར་ཡོད། ཝུའེ་ཧྥང་གི་བོད་སྐྱོར་ལས་བྱེད་པ་ཁག་གསར་པས་རྫོང་གྲོང་ཉེ་འགྲམ་གྱི་རི་རྒོད་དུ་ཀྲེན་ཤིང་མུའུ་40བཏབ་ནས་འབྲས་བུ་སྨིན་པའི་དུས་སུ་སླེབས་རྗེས་ལོ་ལྟར་ཡུལ་དེའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་10ལྷག་ཙམ་ཡོང་གི་ཡོད།
“དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལས་དོན་བསྒྲུབས་ཤིང་། ང་ཚོས་སྔོ་ཁེབས་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཆུ་བེད་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གཡོག་བྱེད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན”ཞེས་ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རུ་སྣེ་ཁྲིད་མཁན་དང་། རྣམ་གླིང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ལི་ལན་ཕིང་གིས་བརྗོད།
【སྣུར་སྲིང་ལྟ་ཀློག】
2018ལོ་ནས་བཟུང་བོད་ཀྱིས་རིམ་རྩིས་བྱས་ན་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་ཉམས་གསོར་མ་དངུལ་སྒོར་དུང་ཕྱུར་49.33བཏང་ཞིང་། ནགས་ཚལ་དང་། འདམ་ར། རྩྭ་ཐང་། ཆུའི་སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་བཙུགས་པ་དང་། 2016ལོ་ནས་2022ལོ་བར་ལོ་རེར་ཆ་སྙོམས་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཁྲི་53.77མཁོ་འདོན་བྱས་པ། རིམ་རྩིས་བྱས་ན་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་126.37བཏང་ཡོད་པ་རེད།
དཔྱད་གཞིའི་ཡོང་ཁུངས། 《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ།