《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月20日

ཅིང་བོད་ལས་འཕྲོ་ཟབ་ཏུ་ཕྱིན། སློབ་གསོའི་ཕུགས་འདུན་མཉམ་དུ་བཏོད།

པར①ནི་པེ་ཅིང་དང་བོད་ཀྱི་སློབ་མས་ཧྲུན་དབྱི་སློབ་འབྲིང་ལྔ་པར་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་བཞིན་པ།

པར②ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་པེ་ཅིང་ཁྲང་ཕིང་ཆུས་གསར་བརྗེའི་སློབ་གསོའི་ལག་ལེན་རྟེན་གཞིར་སྤྲོ་གསེང་སློབ་སྦྱོང་གི་བྱེད་སྒོར་ཞུགས་བཞིན་པ།

པར③ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་བཞིན་པ།

པར④ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་སློབ་གྲྭའི་བཀྲ་ཤིས་ནོར་གཡང་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

པར⑤ནི་སློབ་མའི་ཁྱིམ་བདག་གིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ལྟ་སྦྱོང་བྱེད་བཞིན་པ།

པར⑥ནི་པེ་ཅིང་དང་བོད་ཀྱི་སློབ་མས་མཉམ་དུ་ཚན་རིག་གསར་གཏོད་ཀྱི་བྱེད་སྒོ་སྤེལ་བཞིན་པ།

པར⑦ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་བཙུགས་ནས་ལོ་བཅུ་འཁོར་བ་དང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་བྱ་ཡུལ་ཡིན་པ།

ཉེ་ཆར། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་སློབ་ཁུལ་གསར་པ་བཙུགས་ནས་ལོ་བཅུ་འཁོར་བའི་དུས་སྟོན་བསུས།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ནི་ཞག་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་འབྲིང་ཞིག་ཡིན་པ་དང་སློབ་གྲྭ་དེ་1978ལོར་བཙུགས་པ་རེད། 2014ལོར་པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གྲོང་དུ་སློབ་གྲྭ་དེའི་སློབ་ཁུལ་གསར་པ་བཙུགས་པ་དང་ཆབས་ཅིག་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ཞེས་པར་དངོས་སུ་མིང་བསྒྱུར། ལོ་དེར་པེ་ཅིང་གྲོང་ཁྱེར་གྱིས་ཁག་དང་པོའི་དོ་དམ་ལས་བྱེད་པ་དང་རྐང་འཛིན་དགེ་རྒན་52བདམས་ནས་སློབ་གྲྭ་དེར་མངགས་པ་རེད།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་པ་སངས་བདེ་སྐྱིད་ཀྱིས“པེ་ཅིང་གྲོང་ཁྱེར་གྱི་རོགས་སྐྱོར་འོག་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་ལོ་ལྟར་གསར་བརྗེས་དང་ལེགས་སུ་འགྲོ་བཞིན་ཡོད། པེ་ཅིང་དང་ལྷ་སའི་དགེ་རྒན་ཚོའི་ཐུན་མོང་འབད་བརྩོན་འོག་སློབ་ཁྲིད་སྦྱངས་འབྲས་ལོ་བཅུའི་ནང་རྒྱུན་མཐུད་ཡག་ཏུ་ཕྱིན་ཡོད”ཅེས་བཤད།

ལོ་བཅུའི་རིང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས“མི་རྩ་བར་འཛིན་པའི”དོ་དམ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་ལ་སྣང་ཆེན་དང་། བྱང་ཚད་མཐོ་བ། ཆེད་ལས་ཅན། ལེགས་སྐྱེས་འབུལ་བར་སྣང་ཆེན་བཅས་ཀྱི་དགེ་རྒན་གྱི་དཔུང་ཁག་ཅིག་བཏོད་ཡོད་ཅིང་། མིག་སྔར་སློབ་གྲྭར་ཁྱོན་སློབ་ཁྲིད་འཛིན་གྲྭ་58དང་། སློབ་མ་2758 དགེ་རྒན་ལས་བཟོ་291བཅས་ཡོད་པའི་ནང་ས་ཆ་དེ་རང་གི་དགེ་རྒན་271དང་པེ་ཅིང་གི་བོད་སྐྱོར་དགེ་རྒན་20ཡོད།

ལོ་བཅུའི་རིང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་ས་ཆ་དེ་རང་གི་དགེ་རྒན་མི་ཐེངས་300ཙམ་པེ་ཅིང་དུ་སྤེལ་རེས་བྱེད་པར་བཏང་ཞིང་། པེ་ཅིང་གི་གཙོ་གནད་སློབ་གྲྭ་མང་པོར་བསྐྱོད་དེ་སློབ་དཔྱོད་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་ལས་ས་ཆ་དེ་རང་གི་དགེ་རྒན་གྱི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་ས་ཆ་དེ་རང་གི་དགེ་རྒན་གྱི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་ཐེབས་ནས་སློབ་གྲྭའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་ཡོད།

ལོ་བཅུའི་རིང་ང་ཚོས་པེ་ཅིང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་ཁྲིད་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ“རིག་འཕེལ་སློབ་གསོའི”རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། སློབ་མའི་སློབ་སྦྱོང་གི་ནུས་པ་གསོ་སྐྱོང་བྱེད་པར་བློ་རྩེ་གཅིག་སྒྲིམ་གྱིས་གཞོལ་ཏེ་སློབ་མར་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་དང་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཉམས་ལེན་བཏོད་ནས་ཕན་ནུས་ལྡན་པའི་སློབ་སྦྱོང་བྱེད་སྟངས་ལ་མཛུབ་ཁྲིད་བྱས་ཏེ་ཕྲུ་གུའི་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་བྱས་པས། ལོ་འཁོར་སློབ་གཉེར་གྱི་སྔོན་དཔག་དམིགས་ཚད་ལེགས་གྲུབ་ནུས་ལྡན་ཐུབ་ཡོད།

ལོ་བཅུའི་རིང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་བ་ལས་སློབ་གྲྭའི་སློབ་ཁྲིད་སྦྱངས་འབྲས་ལེགས་སུ་ཤུགས་ཆེན་ཕྱིན་ནས་2023ལོའི་མཐོ་རྒྱུགས་འཕྲོད་ཚད་100%ཟིན་པ་དང་། དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་97%ཟིན་པ། གཙོ་གནད་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་79%(2022ལོ་ལས་བརྒྱ་ཆའི་གྲངས་13འཕར་བ)ཟིན་པ། འབྲིང་རྒྱུགས་ཀྱི་ཆ་སྙོམས་སྐར་གྲངས་2022ལོ་ལས་སྐར་མ་43འཕར་ཡོད་པ་རེད། 2024ལོའི་མཐོ་རྒྱུགས་ལའང་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པ་སྟེ། སློབ་གྲྭ་ཡོངས་ཀྱི་ཡིག་རྒྱུགས་ནང་ཞུགས་མཁན་སློབ་མ་ཁྱོན་586ཡོད་པ་དང་། རྒྱུགས་འཕྲོད་ཚད་100%ཟིན་པ། དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་95.90%ཟིན་པ། གཙོ་གནད་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་76.11%ཟིན་ཡོད། “རྒྱང་ལམ་གསར་པར་ང་ཚོས་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་དོན་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་དཔེར་འོས་ཚད་གཞིའི་ཐོག་ནས‘ཚོགས་སྒྲིག་རྣམ་པའི’སློབ་གསོའི་བོད་སྐྱོར་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན”ཞེས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་ལེང་ཤིན་གྱིས་བཤད།

(བསྟན་འཛིན་བཟང་མོས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)