《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月20日

བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་བརྩམས་པ།

—— རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་བའི་སྐོར་གྱི་སྒྲིལ་གླེང་། (སྨད་ཆ)ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་རྒྱུར་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་པ།

ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ལས་འགན་གཙོ་བོ་དང་། རྣམ་གྲངས་གལ་ཆེན། ཡིག་ཆ་གལ་ཆེན། མཚོན་རྟགས་རང་བཞིན་གྱི་ལས་གྲྭའི་གསལ་ཐོ་ཅན་གྱི་བཀོད་གཏོང་དོ་དམ་དང་སྐུལ་སྤེལ་དོན་འཁྱོལ་བཅས་གསར་གཏོད་ཀྱིས་ལག་ལེན་བསྟར་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་མ་ལག་ལེགས་གཏོང་ལེགས་སྒྲིག བྱང་ཐང་དང་ཇོ་མོ་གླང་མ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། གནམ་ལྕགས་འབར་བ— བོད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་གླེང་སྟེགས་སྐབས་དང་པོ་གཉེར་བ། སྐྱེ་ཁམས་ཤེས་དཔལ་གྱི་འཛུགས་སྐྱོང་དེ་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་ནས་རང་འགུལ་བྱ་སྤྱོད་དུ་སྒྱུར་བ་བཅས་བྱས་ཏེ། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ས་ཁོངས་ཧྲིལ་པོའི་འཛུགས་གཏོད་ཚད་གཞི་ལོན་པའི་ཞིང་ཆེན་ཐོག་མར་འགྱུར་བར་བྱས་ཡོད།

ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། བོད་དུ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47ཡོད་པ་དེ་དག་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དང་ནགས་ས་དང་། རྩྭ་ས། འདམ་ར། ཆུ་ཁོངས་སོགས་སྐྱེ་ཁམས་ནུས་པ་ཅུང་ཆེ་བའི་རིགས་སྤྱི་ལེ་ངོས་གྲུ་ཁྲི་108.11བར་མང་དུ་ཕྱིན་ཡོད་པ་རེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སྦགས་བཙོག་འགོག་བཅོས་ཀྱི་མཚོན་རྟགས་རང་བཞིན་གྱི་འགག་སྒྲོལ་དམག་འཐབ་ཆེ་གྲས་བདུན་མུ་མཐུད་ཡག་པོ་རྒྱག་པ། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གཏིང་ཟབ་བཅས་བྱས་ནས་བོད་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་7གྱི་མཁའ་རླུང་དང་ཁོར་ཡུག་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་95.7%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་མོ་བཅས་ཀྱི་ཆུའི་སྤུས་ཚད་རིམ་པ་གསུམ་པ་ལོན་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་དུ་གནས་པ་བཅས་བྱུང་བས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་ཞིག་རེད།

མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ནུས་ལྡན་ཧུར་ཐག་བྱས་པ།

མཐའ་མཚམས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་མི་སེར་གྱི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྔར་ལས་མཐོ་རུ་བཏང་སྟེ། མཐའ་མཚམས་མང་ཚོགས་ལ་དངོས་ཕན་སྔར་བས་མང་བ་ཐོབ་པ་དང་། སྨན་གླིང་རྫོང་དང་མཚོ་སྣ་རྫོང་གྲོང་ཁྱེར་ལ་སྒྱུར་བའི་ལས་དོན་ལེགས་སྒྲུབ། མཐའ་སྟོབས་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་མཐའ་མཚམས་རྫོང་ལ་དམིགས་འཛུགས་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་བཅས་བྱས་ཡོད།

མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ། མང་ཚོགས་ལ་ལས་ཀ་ཡོད་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱས་པ། མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་རྩ་བ་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བར་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་སྐུལ་འདེད་ཤུགས་ཆེན་བཏང་བ།

ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས། ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩི་བ། ཏང་གི་འགོ་ཁྲིད་དེ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ། ཏང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་གི་ལས་དོན་གཏིང་ཟབ་སྤེལ་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་ནུས་ལྡན་བཏང་བ་བཅས་བྱས་པ་རེད།

གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གཞི་རིམ་གྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོར་བཙུགས་ཏེ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་སྣེ་ཁྲིད་བྱེད་ཐབས་དང་སྡེ་ཁུལ་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར་གཏན་འབེབས་བྱས་པ་དང་། “སྟོབས་ཆེན་བཞི”ཡི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་བཏོད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་འཁྲིད་དེ་ཕྱུག་པོར་གྱུར་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་མངའ་ཁོངས་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་བས་བཏོན་ཡོད།

སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཙུགས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་བཟོ་བ། སྒྲིག་ཁྲིམས་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ། མངགས་གཏོང་ལྟ་སྐུལ། སྐོར་ཞིབ་ལྟ་སྐུལ་བཅས་སྤྱི་འདོམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཆབ་སྲིད་ལྟ་སྐུལ་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་ཡོད། རྫོང་རིམ་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་གཞི་རིམ་དུ་ལྟ་སྐུལ་བྱེད་པ་དང་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས་སྐོར་གཟིགས་སྐོར་ཞིབ་ཀྱི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད།

དུས་རབས་གསར་པའི་རྒྱང་ལམ་གསར་པར་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་དང་། འདུ་ཤེས་འགྱུར་ལྡོག་དང་གསར་འབྱེད་གསར་གཏོད། གདེང་ཚོད་བརྟན་གཏོང་དང་འགག་སྒྲོལ་དཀའ་སེལ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

(ལྷག་ཚེ་དང་། སྒྲོན་ལགས། དམ་ཆོས། ཚེ་སྒྲོལ་བཅས་ཀྱིས་སྒྱུར་ཞུས་བྱས)