《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月15日

༄༅་། མི་ཚེའི་དམ་བཅའ་།

མཚམས་ཁང་བསྟན་བསམ།

ཚེ་འདི་ཡི་དམ་བཅའ་འཇོག་ཉིན་མོར། །

དགུང་ཨ་སྔོན་དབྱིངས་ཀྱི་དཔང་པོ་ཡོད། །

ཚེ་གང་ལ་གུ་ཡངས་བློ་དཀར་གྱིས། །

རོགས་ཁྱོད་ལ་བརྩེ་བའི་དམ་བཅའ་ཡོད། །

ཚེ་འདི་ཡི་དམ་བཅའ་འཇོག་ཉིན་ལ། །

དགུང་རྟ་བདུན་དབང་པོའི་དཔང་པོ་ཡོད། །

ཚེ་གང་གི་དྲོ་སྐྱིད་ཡོད་དོ་ཅོག །

རོགས་ཁྱོད་ལ་སྦྱིན་པའི་དམ་བཅའ་ཡོད། །

ཚེ་འདི་ཡི་དམ་བཅའ་འཇོག་ཉིན་ལ། །

དགུང་སྤྲིན་དཀར་ཚོམ་བུའི་དཔང་པོ་ཡོད། །

ཚེ་གང་ལ་བློ་དཀར་སེམས་དཀར་གྱིས། །

རོགས་ཁྱོད་དང་འགྲོགས་པའི་དམ་བཅའ་ཡོད། །

ཚེ་འདི་ཡི་དམ་བཅའ་འཇོག་ཉིན་ལ། །

གནས་གངས་དཀར་རི་བོའི་དཔང་པོ་ཡོད། །

ཚེ་གང་ལ་རྣམ་དག་བརྩེ་བ་ཡིས། །

རོགས་ཁྱོད་དང་འགྲོགས་པའི་དམ་བཅའ་ཡོད། །

ཚེ་འདི་ཡི་དམ་བཅའ་འཇོག་ཉིན་ལ། །

ཆུ་གཙང་ཆབ་སྔོན་མོའི་དཔང་པོ་ཡོད། །

ཚེ་གང་ལ་ཕྱི་ཐག་རིང་པོ་ཡིས། །

རོགས་ཁྱོད་དང་གཤིབ་པའི་དམ་བཅའ་ཡོད། །

ཚེ་འདི་ཡི་དམ་བཅའ་འཇོག་ཉིན་ལ། །

སྤང་ནེའུ་གསིང་གཡུ་ལོའི་དཔང་པོ་ཡོད། །

ཚེ་གང་ལ་ཡིད་ཆེས་བློ་གཏད་ཀྱིས། །

རོགས་ཁྱོད་དང་འཚོ་བའི་དམ་བཅའ་ཡོད། །

དེ་རིང་བཀྲ་ཤིས་ཤིག་གི་མགོ་མ་ལ། །

ལྷ་བྱ་ཆ་འགྲིག་ཅིག་གི་ཁ་གཡང་ཡོད། །

བརྩེ་བ་རི་ལས་མཐོ་བའི་ཁ་གཡང་ཡོད། །

དུང་བ་མཚོ་ལས་ཟབ་པའི་ཁ་གཡང་ཡོད། །

དེ་རིང་བདེ་ལེགས་ཤིག་གི་མགོ་མ་ལ། །

གསེར་ཉ་ཁ་འཕྲོད་ཅིག་གི་ཁ་གཡང་ཡོད། །

ལས་དང་དམ་ཚིག་མཐུན་པའི་ཁ་གཡང་ཡོད། །

ཚེ་བསོད་རླུང་རྟ་འཕེལ་བའི་ཁ་གཡང་ཡོད། །

དེ་རིང་རྟེན་འབྲེལ་ཞིག་གི་མགོ་མ་ལ། །

ཁྱོ་ཤུག་སེམས་པ་མཐུན་པའི་དམ་བཅའ་ཡོད། །

གཅིག་སེམས་གཅིག་ལ་གཏད་པའི་དམ་བཅའ་ཡོད། །

མི་ཚེ་མཐའ་འཁྱོལ་ཡོང་བའི་སྨོན་འདུན་ཡོད། །