འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོར། “སྤུས་ཚད་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་དང་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི“སྤུས་ཚད་ཟླ་བའི”བྱེད་སྒོ་ལྷ་སར་དངོས་སུ་སྤེལ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་སྤུས་ཚད་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་སྤུས་ཚད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཞུགས་པ་རེད།
ཁོང་གིས་སྤུས་ཚད་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས་ང་ཚོས་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་རྫས་དང་། ལས་གྲྭ ཞབས་ཞུའི་སྤུས་ཚད་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས་སྤུས་ཚད་དང་སྟོབས་ཤུགས་ཆེ་བའི་ལྗོངས་སྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཚོགས་ལས་རིགས་ཁག་ལ“སྤུས་ཚད་ཟླ་བའི”བྱེད་སྒོར་ཞུགས་རྒྱུའི་སྐུལ་ལྕག་ཧུར་ཐག་བྱས་ཏེ། སྤུས་ཚད་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སྤུས་ཚད་ཨང་དང་པོར་འཇོག་པའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤུས་ཚད་ཀྱི་དཀའ་གནད་འགག་སྒྲོལ་བྱེད་དགོས་པ། སྤུས་ཚད་མཐོ་བར་བརྟེན་ནས་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ། སྤུས་ཚད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་མི་དམངས་མང་ཚོགས་ལ་ཉོ་དུས་བློ་བདེ་བ་དང་། ཟ་དུས་བློ་བདེ་བ། སྤྱོད་དུས་བློ་བདེ་བ་བཅས་ཡོང་བར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་ད་དུང་སྤུས་ཚད་སྟོབས་ཤུགས་ཆེ་བའི་རྫོང་གི་སྤེལ་རེས་བགྲོ་གླེང་དང་། སྤུས་ཚད་མཐོར་གཏོང་གསོ་སྦྱོང་། “ལྷ་སའི་སྤུས་རྟགས་ཆེན་པོ་བཅུ”མུ་མཐུད་ལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།