འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་སློབ་གསོ་གཞུང་དོན་ཁང་གིས“ཞིང་པའི་མཚན་མོའི་སློབ་གྲྭའི”སྣ་མང་ཅན་གྱི་སློབ་སྦྱོང་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་གྲོང་གསེབ་དར་རྒྱས་གཏོང་བར་གསོན་ཤུགས་གསར་པ་བསྣན་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་གིས་དོན་དངོས་དང་ཉེ་བཅར་དང་། མང་ཚོགས་དང་ཉེ་བཅར། སློབ་ཁྲིད་གསར་གཏོད་བཅས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་ཡོད། སློབ་ཚན་ཐོག་སློབ་ཁྲིད་མི་སྣས་གྲ་སྒྲིག་ཞིབ་ཚགས་བྱས་ནས་རྒྱ་ཡིག་དང་བོད་ཡིག་སོགས་རྨང་གཞིའི་རིག་ཚན་སློབ་ཁྲིད་ནན་ཏན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྐད་ཡིག་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གི་གསོ་ཉར་བཅའ་ཁྲིམས་དང་། ཁྲིམས་འགལ་གྱི་་མ་དངུལ་བསྡུ་རུབ་མི་བྱེད་པ། ཁེ་ཕན་མཐོ་བའི་བསླུ་བྲིད་དང་ལེན་མི་བྱེད་པའི་སློབ་གསོ་སོགས་ཐད་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་བྱས་པ་རེད། ཁོང་ཚོས་གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས་འགྲེལ་བཤད་བརྒྱབ་པས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་ལྟ་བ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད།