《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月06日

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ལྟེ་བའི་མི་དམངས་ཁྲིམས་རས།

ས་ཞིང་གི་རྩོད་གཞི་ཞིག་ཐག་གཅོད་བྱས་ནས་གྲོང་གསེབ་འཆམ་མཐུན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ལྟེ་བའི་མི་དམངས་ཁྲིམས་རས་ཕྱོགས་མང་པོ་དང་མཉམ་དུ་འདུམ་འགྲིག་ནང་ཞུགས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་བོགས་མར་གཏོང་ལེན་གྱི་གན་རྒྱའི་རྩོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པས་ཕྱོགས་གཉིས་པོའི་དོ་བདག་གི་གདེང་འཇོག་བཟང་པོ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་ཨུ་ལྷན་ཞིག་གིས་གྲོང་ཚོའི་གླིང་ག་འགན་གཙང་ལེན་མཁན་ཡོན་ཆེ་གེ་མོར་གླིང་གའི་བོགས་དངུལ་འཇལ་དགོས་ཚུལ་བཤད་རུང་། ཡོན་ཆེ་གེ་མོས་རིམས་ནད་དང་མ་དངུལ་བཏང་ཚར་བར་ཁ་གཡར་ནས་ཐེངས་མང་དང་ལེན་བྱས་མེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཡོན་ཆེ་གེ་མོས་གླིང་གའི་གཉེར་སྐྱོང་བདག་དབང་དེ་སྔའི་གླིང་ག་འགན་གཙང་ལེན་མཁན་ཚོང་པ་ཁྲེན་ཆེ་གེ་མོའི་ལག་ནས་ནང་བཤུག་བཏང་བ་ཞིག་ཡིན་པ་དང་གཉེར་སྐྱོང་བདག་དབང་བརྗེ་རིང་འགལ་ཟླ་དང་རྩོད་གཞིའི་རྙོག་འཛིང་ཆེ་རུ་ཕྱིན་ཡོད། འདུམ་འགྲིག་དང་གྲོས་མོལ་ཐེངས་མང་བྱས་རུང་གྲུབ་འབྲས་མ་ཐོན་པས་མཐར་གྲོང་ཚོ་ཨུ་ལྷན་གྱིས་ཡོན་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།

རྩེད་ཐང་ལྟེ་བའི་མི་དམངས་ཁྲིམས་རས་རྙོག་འཛིང་ཆེ་བའི་མཉམ་སྡེབ་ས་ཞིང་བོགས་མར་གཏོང་ལེན་གྱི་རྩོད་གཞི་དེར་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་འབྲེལ། “མི་དམངས་ཁྲིམས་ར+N”མཉམ་འགུལ་འདུམ་འགྲིག་བྱེད་ཐབས་སྤྱད་དེ་འདུམ་འགྲིག་བྱས་པ་རེད། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་བཅར་འདྲི་ཞིབ་ཚགས་བྱས་པ་བརྒྱུད། འགལ་ཟླ་གཙོ་བོ་ཁོང་དུ་ཆུད་པ་དང་ཕྱོགས་གཉིས་པོར་འབྲེལ་གཏུག་བྱེད་དུ་བཅུག་ནས་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་པ་བརྒྱུད་མཐར་གྲོང་ཚོ་ཨུ་ལྷན་དང་ཡོན་ཆེ་གེ་མོའི་དབར་གྱི་གླིང་ག་བོགས་མར་གཏོང་ལེན་གྱི་གནད་དོན་ཐད་ངོས་འཛིན་གཅིག་མཐུན་བྱུང་ནས་ཡོན་ཆེ་གེ་མོས་བོགས་དངུལ་སྒོར་ཁྲི་8.4སྤྲད་པས་རྩོད་གཞི་དེ་ཐག་གཅོད་ཡག་པོ་ཐུབ་པ་རེད།