ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་བྲག་རྡོ་ནག་རིལ་གྲོང་ཚོས་གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་བཏང་བས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་པ་དང་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
བྲག་རྡོ་ནག་རིལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲང་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་གསེབ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྲག་རྡོ་ནག་རིལ་གྲོང་ཚོས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་པར་མཐོང་ཆེན་བྱས་ཏེ། གཟའ་འཁོར་རེར“ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཆེན་པོའི”བྱེད་སྒོ་སྒྲིག་འཛུགས་བྱས་པ་བརྒྱུད། གྲོང་མིར“གྲོང་ཚོ་ནི་ངའི་ཁྱིམ་གཞིས་ཡིན་པས། གྲོང་ཚོ་མཛེས་སྡུག་ལྡན་དགོས་ཚེ་ཚང་མར་བརྟེན་དགོས་པའི”འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་པ་དང་། གྲོང་ཚོའི་ཁོར་ཡུག་སྲུང་སྐྱོང་བྱེད་སྒོའི་ནང་མང་ཚོགས་རང་འགུལ་ངང་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་པ་མ་ཟད། འབྲེལ་ཡོད་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲད་ནས་གྲོང་ཚོ་ཡོངས་ཀྱིས་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་བཏོད་དེ། མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་དང་ཡ་རབས་ཀྱི་འཚོ་བའི་གོམས་གཤིས་འཇགས་པར་ཁྲིད་སྟོན་ཡང་བྱས་ཡོད།
བྲག་རྡོ་ནག་རིལ་གྲོང་ཚོས་མི་སྡོད་ཁོར་ཡུག་བཅོས་སྒྲིག་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་ཏེ་འགྲོ་ལམ་དང་། གློག་ཤུགས་དྲ་བ། ཆུ་མཁོ་འདོན་མདོང་ལམ་སོགས་ལ་སྒྱུར་བཀོད་བྱས་པ་བརྒྱུད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་སྔར་བས་སྟབས་བདེ་རུ་དང་སྐྱིད་སྣང་དོད་དུ་བཏང་ཡོད། གྲོང་གསེབ་ཀྱི་ཆུའི་སྦགས་བཙོག་དང་མཁའ་རླུང་སྦགས་བཙོག་སོགས་ཀྱི་གནད་དོན་བཅོས་སྐྱོང་དང་བཅོས་སྒྲིག་བྱས་པས་ཁོར་ཡུག་སྦགས་བཙོག་གི་ཚད་གཞི་ནུས་ལྡན་ངང་དམའ་རུ་ཕྱིན་པ་དང་། མཁའ་རླུང་དང་ཆུའི་ཁོར་ཡུག་བཅོས་སྐྱོང་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག་གསང་སྤྱོད་གསར་བརྗེ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏིང་ཟབ་བཏང་བས་གྲོང་ཚོ་ཡོངས་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེཌ་སུ་ཕྱིན་ཡོད།
2023ལོ་ནས་བཟུང་། སྒེར་རྩེ་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི་2689.82བཏང་ནས་འོ་མ་ཤང་བྲག་རྡོ་ནག་རིལ་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ་བྲག་རྡོ་ནག་རིལ་གྲོང་ཚོའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་། ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པ། གྲོང་གསེབ་འཕེལ་རྒྱས་གཏོང་བ་སོགས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
(ཉི་དོན་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)