《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月01日

༄༅། །དགེ་རྒན་ལ་བསྟོད་པ།

རང་བློ་རང་གིས་གསལ་བྱེད་དུ། །

ཤེས་བྱའི་མེ་ལོང་སྩོལ་མཁས་པའི། །

བཤེས་གཉེན་དམ་པའི་བྱམས་བརྩེའི་གསུང་། །

ཐོས་པའི་ཕྲན་ཆུང་བསོད་ནམས་ཆེ། །

ཡིད་སེམས་གཙང་མའི་ཆབ་ཀྱི་རྒྱུན། །

ཉམ་ཆུང་སློབ་བུའི་རྒྱུད་དུ་འབབ། །

སྤྱོད་པ་གཙང་མའི་འཇུག་ལྡོག་ཀུན། །

ཡང་དག་ལམ་གྱི་ཚད་མ་ཡིན། །

ཤེས་བྱའི་གནས་ལ་མཁྱེན་རྒྱ་ཡངས། །

བློ་དམན་ཡིད་ཀྱི་དྲི་མ་སེལ། །

བཅུ་ཕྲག་རིག་པར་ལྟ་དགོངས་ཟབ། །

གཞན་ཡིད་འགུགས་པའི་ལྕགས་ཀྱུ་ཉིད། །

གཞན་ཕན་ལྷག་བསམ་ཉི་མའི་འོད། །

ཉིན་སྲིབ་ཀུན་ལ་རིས་མེད་འཕྲོ། །

སློབ་བུ་སྟོང་གི་རི་དྭགས་བློ། །

རྨོངས་པའི་རྙི་ལས་ཐར་བར་བྱེད། །

འཆད་པའི་ལྗགས་ནི་གནམ་ལྕགས་ཐོག །

ཚིག་གི་རི་མོར་ཚེ་སྲོག་བསྩལ། །

རྩོད་པའི་ཟིལ་ནི་སེང་གེའི་གདོང་། །

གཞན་སེམས་མགུ་བའི་ཡོན་ཏན་མངའ། །

རྩོམ་པའི་རྩལ་ནི་སྒྱུ་མའི་གར། །

མཚོ་བྱུང་ཐུགས་ཀྱི་དཀྱིལ་ལ་འཁོར། །

མདོར་ན་འཆད་རྩོད་རྩོམ་པ་ལ། །

ཐོགས་མེད་མ་ལུས་ནང་བྱན་ཆུད། །

གནའ་བོའི་ཤེས་བྱའི་སྙིང་པོ་དང་། །

དེང་རབས་རིག་པའི་གནས་ལ་སོགས། །

དབྱེར་མེད་མཁྱེན་པ་བཤེས་གཉེན་ཁྱེད། །

ཤེས་རིག་གླིང་འདིའི་གཙུག་གི་རྒྱན། །

(བོད་ལྗོངས་སློབ་ཆེན་གྱི་23ལོའི་ཞིབ་འཇུག་སློབ་མ་ཚེ་རིང་བཀྲ་ཤིས)