གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ལ་ལྷོ་ཤང་གི་ཤར་ཕུ་ཆུའི་ངོགས་སུ་ཞོག་ཁོག་མེ་ཏོག་ཁྲ་ཆིལ་ལེར་བཞད།
དུས་ཡུན་ངེས་ཅན་ཞིག་སོང་རྗེས་མི་རབས་ནས་མི་རབས་དེ་གར་འཚོ་བ་སྐྱེལ་མཁན་ཚོས་ཕ་ཡུལ་གྱི་ཞིང་སར་བཏབ་པའི་ཞོག་ཁོག་གི་བྲོ་བ་ཐོག་མར་མྱོང་ཐུབ་རྒྱུ་རེད།
ལ་ལྷོ་ཤང་ནི་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་ཤར་ཕུ་ཆུའི་རྒྱུད་དུ་གནས་པ་དང་ས་མ་འབྲོག་གི་ཤང་གྲོང་ཞིག་ཡིན། རྨོ་ཞིང་དག་ཤར་ཕུ་ཆུ་རྒྱུག་ཁུལ་གྱི་གཞོགས་གཉིས་སུ་གནས་ཡོད་པ་དང་མང་ཆེ་བ་ནི་ཆུས་འདེད་གསོག་ཐེབས་པའི་ས་ཆ་ཡིན་པ་རེད།
ལ་ལྷོ་ཤང་གི་ས་ཁོད་སྙོམས་པ་དང་ཆུ་ཁུངས་ཐག་ཉེ་བས་ཞིང་ལས་འདེབས་འཛུགས་འཕེལ་རྒྱས་གཏོང་བར་རང་བྱུང་གི་ལེགས་ཆ་ལྡན་ཡོད། ཤང་ཏང་ཨུད་ཀྱིས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཐོན་ལས་འཕེལ་རྒྱས་ཀྱི་ཧེ་བག་ལ་གཞི་ཚུགས་པ་དང་། གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་པ། གནས་སྦྱར་ལས་བྱེད་པའི་བྱེད་པོའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཞོག་ཁོག་གི་སྣ་ཁ་སྟེ། ཧོ་ལན་གྱི་V7ཞོག་ཁོག་ཚོད་འདེབས་བྱ་རྒྱུ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ། གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐུལ་སློང་ནུས་ལྡན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
འདི་ལོའི་ཟླ་5པ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་སྔོ་ཚལ་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་བུ་ཆུང་གི་མཛུབ་ཁྲིད་འོག་ལ་ལྷོ་ཤང་ཁྲོ་འཚུབ་གྲོང་ཚོས་གཏིང་རྨོ་རྣང་འདེབས་དང་། ལུད་མང་པོ་རྒྱག་པ། འགྱིག་ཤོག་གཡོག་ནས་སོན་འདེབས་བྱེད་པ། སོན་མྱུག་དུག་སེལ་བྱེད་པ་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་ས་མཐོའི་རི་ཁུལ་གྱི་དྲོད་ཚད་དམའ་ལ་སྐམ་ཤས་ཆེ་བ་དང་། ས་རྒྱུ་ཞན་པ། ཐོན་འབབ་དམའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་ཚོད་འདེབས་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།
ཁྲོ་འཚུབ་གྲོང་ཚོའི་ཡུལ་མིའི་ངོས་ནས་བརྗོད་ན། ཞོག་ཁོག་ཞིང་ནང་དུ་བཏབ་པ་ནས་འཚར་ལོངས་བྱུང་བ་དང་མེ་ཏོག་བཞད་པ་དང་དེ་ནས་སྨིན་པའི་བར་དུས་ཡུན་རིང་ནའང་བདེ་སྐྱིད་ལྡན་པའི་བརྒྱུད་རིམ་ཞིག་རེད། ཡུལ་མི་ཚོས་རྟག་ཏུ་ཞིང་ནང་དུ་ཡོང་ནས་ཞོག་ཁོག་སྐྱེ་ཚུལ་ལ་ལྟ་བ་དང་། རྩྭ་ངན་འཐོག་པ། ཞིང་ཆུ་གཏོང་བ་བཅས་བྱེད་ཀྱི་ཡོད་པ་རེད།
“ངས་དེ་སྔ་ཞོག་ཁོག་སྐྱེ་བ་རྩ་བ་ནས་མཐོང་མྱོང་མེད། ད་ཆ་རང་ངོ་མས་མཐོང་བ་མ་ཟད། ཁྱིམ་གྱི་སྒོ་རྩའི་ཞོག་ཁོག་སོས་པའང་བཟའ་རྒྱུ་བྱུང་སོང་ལ། ད་ལྟ་ནས་བཟུང་ང་ཚོར་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་རྙེད་སོང”ཞེས་ཁྲོ་འཚུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའུ་ཁྲེན་གྱིས་ཞོག་ཁོག་མེ་ཏོག་ལ་བལྟ་བཞིན་དགའ་སྤྲོའི་ངང་དེ་ལྟར་བཤད།
གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པ་བརྒྱུད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཁྲོ་འཚུབ་གྲོང་ཚོར་བཏབ་པའི་ཞོག་ཁོག་མྱུ་གུ་འབུས་པ་ནས་འབྲས་བུ་འདོགས་པའི་བར་ཧ་ལམ་ཉིན་65འགོར་གྱི་ཡོད་པ་དང་། ཞོག་སོན་རེར་ཞོག་ཁོག་12ཙམ་འདོགས་ཀྱི་ཡོད་པ་དང་། ཚོང་སྒྱུར་ཞོག་ཁོག་62%ཟིན་ནས་མུའུ་རེའི་ཐོན་འབབ་རྒྱ་མ་4000ཙམ་ཟིན་གྱི་ཡོད་པ་བཅས་རེད།
“ལ་ལྷོ་ཤང་གི་ཞོག་ཁོག་ཚོད་འདེབས་ལེགས་གྲུབ་བྱུང་ནས་ང་ཚོ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱིས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ལ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དེ་བས་གོ་སྐབས་མང་པོ་བཏོད་ཡོད། དོན་དངོས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ཏེ་ལམ་སྲོལ་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འདེབས་འཛུགས་གཞི་ཁྱོན་ཆེ་རུ་གཏོང་བ། ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་དེ་གའི་མང་ཚོགས་ལ་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་ཕན་སྔ་ཙམ་ལོངས་སུ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུའི་གནས་སྦྱར་ལས་བྱེད་པ་དང་ལ་ལྷོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཧྥེ་པོ་ཡིས་བཤད་པ་རེད། (བསོད་བདེ་གཞོན་པས་བསྒྱུར། ལྷ་དབང་གིས་ཞུས)