《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月28日

མེ་ཏོག་རྫོང་གི་དམངས་ཕན་གློག་གསོག་ས་ཚིགས་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་མེ་ཏོག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་དམངས་ཕན་གློག་གསོག་ས་ཚིགས་ཆེན་པོ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས“ཀྲུང་གོའི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཇུག་ཤོས”སུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་མེད་པའི་སྟོང་ཆ་གསབ་ནས་མེ་ཏོག་རྫོང་གིས་ནུས་རྒྱུ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་ཞིག་སྤོ་རྒྱུར་སྐུལ་འདེད་ཐེབས་པ་མཚོན་ཡོད།

ད་ཐེངས་དམངས་ཕན་གློག་གསོག་ས་ཚིགས་ཆེན་པོ་སྤྱོད་འགོ་ཚུགས་པ་དེས་མེ་ཏོག་རྫོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་བདག་དང་དེ་བཞིན་ནུས་རྒྱུ་གསར་པའི་རླངས་འཁོར་བཏང་ནས་མེ་ཏོག་རྫོང་དུ་སྐྱོད་མཁན་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་ནུས་ཆེའི་གློག་གསོག་ཞབས་ཞུ་སྒྲུབ་ཐུབ་རྒྱུ་དང་མེ་ཏོག་རྫོང་དུ་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་དང་ཁྱབ་གདལ་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་ལྗང་མདོག་ཕྱིར་སྐྱོད་དང་ཐཱན་ཉུང་འཚོ་བ་དར་སྤེལ་གཏོང་བ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། ཡུལ་སྐོར་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། མེ་ཏོག་རྫོང་འདི་ཉིད་ཡུལ་སྐོར་རྫོང་གྲགས་ཅན་དུ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་པ་རེད།

འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་མེ་ཏོག་རྫོང་གིས་འབྲེལ་ཡོད་ཁེ་ལས་དང་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི“ཞན་ཆ་གསབ་པ་དང་ཆད་སྐྱོན་སེལ་བའི”བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་དུས་མཚུངས་དམངས་ཕན་གློག་གསོག་ས་ཚིགས་ཆེན་པོའི་འཁོར་རྒྱུག་དོ་དམ་ཡག་པོ་བྱས་ནས་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བར་ཕྱོགས་ཐོན་གྱི་ཁོར་ཡུག་བཟང་པོ་བསྐྲུན་གྱི་ཡིན་ཞེས་བརྗོད་པ་རེད།

“འོད་ཤུགས་ནུས་གསོག”གཞི་གཅིག་ཅན་གྱི་གློག་གསོག་ས་ཚིགས་ཆེན་པོ་ནི་ཉི་ནུས་གློག་ནུས་སུ་བསྒྱུར་ནས་ནུས་གསོག་སྒྲིག་ཆས་ཀྱིས་ནུས་པ་བསགས་རྗེས་འཁོར་རིགས་ལ་གློག་བསྣན་ནས་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་ཞིག་རེད། དེས་ཕྱོགས་ཐོན་གྱི་མ་གནས་དམའ་རུ་གཏོང་ཐུབ་ལ་ནུས་རྒྱུ་གསར་པའི་ཐོན་ལས་ལ་སྐུལ་འདེད་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གི་ནུས་པ་ཐོན་གྱི་ཡོད།