འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གྲ་ནང་རྫོང་དཀྱིལ་རུ་ཤང་བྲོ་ཡུལ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གིས་འཐུང་ཆུའི་ལས་གྲྭ་ཉམས་བཟོ་དང་བརྟན་གཏོང་ལས་དོན་སྤེལ་ཏེ་དྭངས་གཙང་དང་འཕྲོད་བསྟེན་ལྡན་པའི་ཆུ་ཀ་ལ་ཁྱིམ་ཚང་ཚང་མར་ཁྲིད་དེ་ཡུལ་མིའི་འཚོ་བའི་སྤུས་ཚད་མུ་མཐུད་ལེགས་སུ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྲོ་ཡུལ་གྲོང་ཚོའི་ཡུལ་མིའི་འཐུང་ཆུའི་བདེ་འཇགས་དང་ཆུ་ཡག་པོ་མེད་པའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ལས་ཡུལ་དངོས་སུ་ཐེངས་མང་བསྐྱོད་དེ་ཆུ་འགོ་དང་རྫིང་གི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་འཐུང་ཆུའི་རྣམ་གྲངས་ཉམས་བཟོ་དང་བརྟན་གཏོང་གི་ལག་བསྟར་ཇུས་གཞི་བཟོས་པ་དང་འབྲེལ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཆུ་བེད་ཅུས་ལ་སྙན་སེང་ཞུས་མཐར་ཧུའུ་པེ་ཞིང་ཆེན་ཆུ་བེད་བོད་སྐྱོར་གྱི་མ་དངུལ་སྒོར་ཁྲི་20རག་པ་རེད།
གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་མཉམ་དུ་ལ་ཀླུང་བརྒལ་ནས་ཆུ་འགོ་ཡོད་སར་བསྐྱོད་དེ་ཨར་སྐྲུན་ཚན་པ་ཁག་གི་འཆར་འགོད་ས་བཀྲར་ཞིབ་འཇུག་ནན་ཏན་བྱས་ཏེ་ཨར་ལས་རྒྱུ་ཆ་དབོར་རྒྱུ་སོགས་ཀྱི་ཇུས་གཞིར་གྲོས་མོལ་བྱས་པ་རེད། རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་བདེ་བླག་ཡོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ལས་གྲྭ་སྐྲུན་རིང་དོ་སྣང་བྱེད་དགོས་པའི་བདེ་འཇགས་ཀྱི་དོན་ཚན་སོགས་ནན་བཤད་བྱས་པ་དང་། དེ་རྗེས་གྲོང་སྡོད་ལས་དོན་རུ་ཁག་གིས་འཐུང་ཆུའི་ལས་གྲྭ་ཉམས་བཟོ་བརྟན་གཏོང་གི་ལས་དོན་སྤེལ་བ་རེད།