《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月27日

ལྗོངས་ཡོངས་ཀྱི་ཁང་པ་རྩིས་སྤྲོད་འགན་ལེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་ཁང་པ་རྩིས་སྤྲོད་འགན་ལེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཁང་པ་རྩིས་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པའི་བརྙན་ལམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་ས་ཁང་བདག་ཁོངས་ཁྲོམ་རའི་གནས་ཚུལ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱེད་པ། ཁང་པ་རྩིས་སྤྲོད་འགན་ལེན་གྱི་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ས་ཁང་བདག་ཁོངས་ལས་དོན་གྱི་མི་དམངས་ཀྱི་རང་བཞིན་དང་ཆབ་སྲིད་ཀྱི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཁང་པ་རྩིས་སྤྲོད་འགན་ལེན་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བསྟན་ཡོད།

ཚོགས་འདུའི་ཐོག སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་ཤུགས་ཆགས་པར་བྱས་ཏེ་མཐའ་ཚད་ཡག་པོ་སྲུང་བ་དང་། ལྟ་འདོམས་ཤུགས་ཆེན། ཁྲིམས་འཛིན་ནན་པོ། ཞབས་ཞུ་ལེགས་པ། མཛོད་ཉར་འདོར་སྒྱུར་བཅས་བྱས་ནས་གོ་རིམ་ལྡན་ལ་ཕན་ནུས་ལྡན་པའི་ངང་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་སྔར་བས་ཤུགས་ཆེར་བཏང་ནས་སྤྱི་འདོམས་མཐུན་སྦྱོར་དང་སྲིད་ཇུས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ཇུས་གཞི་བཟོ་བ་བཅས་བྱས་ཏེ་ཁང་པ་རྩིས་སྤྲོད་འགན་ལེན་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)