འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་8ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོཌ་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས་ཤིས་ཚིག་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་མཛད་སྒོར་ཞུགས་པ། ཚོགས་ཞུགས་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་རྐང་འཁོར་རུ་ཁག་དང་བདམས་ཐོན་པར་བྱ་དགའ་གནང་བ་རེད།
ཟླ་བ་ཚེ་རིང་གིས་ཤིས་ཚིག་བསྒྲོན་སྐབས། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་གཉེར་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། འཛམ་གླིང་ལ་ཕྱོགས་ནས་ཀྲུང་གོའི་བོད་ཀྱི་ཉམས་འགྱུར་མངོན་པ་དང་། ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། དུས་རབས་གསར་པའི་བོད་ཀྱི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་མངོན་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད། ང་ཚོས་འགྲན་བསྡུར་གཉེར་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་འགྲན་བསྡུར་གྱི་ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་དེ་རྒྱལ་སྤྱིའི་ཤུགས་རྐྱེན་དང་། ཀྲུང་གོའི་ཁྱད་ཆོས། བོད་ཀྱི་ཁྱད་ཆོས་བཅས་ལྡན་པའི་སྤུས་རྟགས་འགྲན་བསྡུར་ཞིག་ཏུ་ཧུར་ཐག་གཏོད་ཀྱི་ཡིན་ཞེས་གསུངས་པ་རེད།
བྱ་དགའ་སྤྲོད་པའི་མཛད་སྒོའི་ས་གནས་ས་ཐོག་གི་རྣམ་པ་དགའ་སྤྲོས་ཁེངས་པ་དང་འགྲན་བསྡུར་གྱི་སྤྱི་ཁྱབ་ཤན་འབྱེད་པའི་འགོ་འཛིན་ཐུའོ་ཉི·ཨན་ཏུང་ཉི་ཡིས་འགྲན་བསྡུར་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་བྱ་དགའ་ཐོབ་པའི་རྐང་འཁོར་རུ་ཁག་དང་མི་སྒེར་ཨང་རིམ་བཞིན་སྟེགས་བུའི་ཐོག་བྱ་དགའ་ལེན་པར་བསྐྱོད་པ་རེད།