བོད་ལྗོངས་མཁའ་འགྲུལ་ཀུང་སིར་ཆ་སྙོམས་ལོ་28ལ་མ་སླེབས་པའི་འགྲུལ་ཞབས་མ་ལས་གྲུབ་པའི་དཔུང་ཁག་ཅིག་ཡོད་པ་དེས་ལོ་མང་རིང་ཉིན་གཅིག་ལྟར་ས་མཐོར་གཞི་ཚུགས་ཏེ་འཕུར་སྐྱོད་ཀྱི་ཚད་གཞི་བརྟན་སྲུང་དང་། བདེ་འཇགས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་རིན་ཐང་དོན་གཉེར་བྱ་རྒྱུ་དེ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་ཚད་གཞིར་བརྩིས་ནས་ལས་འགན་གལ་ཆེན་སྣ་ཚོགས་ཧུར་ཐག་སྒྲུབ་བཞིན་ཡོད་ཅིང་། ཁོང་ཚོ་ནི་བོད་ལྗོངས་མཁའ་འགྲུལ་ཀུང་སིའི“སྐལ་བཟང་མེ་ཏོག་འགྲུལ་ཞབས་དཔེ་སྟོན་ཚོགས་ཆུང”རེད།
དུས་ཡུན་རིང་པོའི་ནང“སྐལ་བཟང་མེ་ཏོག་འགྲུལ་ཞབས་དཔེ་སྟོན་ཚོགས་ཆུང”གིས་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་ལ་གཞི་ཚུགས་ནས་བོད་ཀྱི་སྤྱི་ཕན་འཕེལ་རྒྱས་དང་རིག་གནས་ཁྱབ་སྤེལ་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་ཏེ་ལོ་མང་བསྟུད་མར“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གནམ་གྲུའི་ཐོག་གི་དྲིལ་བསྒྲགས་དང“ས་མཐོའི་སྤྱི་ཕན་སློབ་ཁང”གི་དང་བླངས་བྱེད་སྒོ་སྤེལ་ནས་མི་རིགས་ཁག་དབར་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཕོ་ཉ་ཞིག་ཧུར་ཐག་བྱས་ཏེ་བློ་དཀར་སེམས་དཀར་དང་བློས་འགེལ་ཆོག་པའི་ཆབ་སྲིད་ཀྱི་བྱང་ཚད་དང་། ཕུལ་དུ་བྱུང་བའི་ཆེད་ལས་ཀྱི་རྩལ་ནུས། བརྩེ་སེམས་ཟབ་མོ་བཅངས་ནས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ལ་བརྟེན་ནས“མཁའ་ཐོག་གསེར་ཟམ”བསྐྲུན་ཡོད།
ད་ལོའི་ཟླ་4ཚེས་28ཉིན“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་པའི་གདོང་ལེན་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། བོད་ལྗོངས་མཁའ་འགྲུལ་གྱི“སྐལ་བཟང་མེ་ཏོག་འགྲུལ་ཞབས་དཔེ་སྟོན་ཚོགས་ཆུང”ལ“རྒྱལ་ཡོངས་བཟོ་པའི་གདོང་ལེན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་ཚན་ཁག་གི་ཙུའུ་ཀྲང་ཀུང་ཡུས་ཅུན་རང་སྐྱོང་ལྗོངས་ཀྱི་བྱ་དགའ་ཐོབ་པའི་འཐུས་མིའི་གྲས་ཤིག་ཏུ་བདམས་ཐོན་བྱུང་ནས་རྟེན་འབྲེལ་བྱེད་སྒོར་ཞུགས་པ་རེད།
ཀུང་ཡུས་ཅུན་གྱིས“མི་དམངས་ཚོགས་ཁང་ཆེ་མོའི་སྡིངས་ཆའི་སྟེང་ལངས་སྐབས་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་པ་ཚོར་བྱུང་། ‘སྐལ་བཟང་མེ་ཏོག’ནི་མཉམ་སྡེབ་དེ་ཁོ་ནར་ཟེར་བ་མ་ཡིན་པར་དུས་རབས་གསར་པའི་དམངས་སྤྱོད་འགྲུལ་ཞབས་མའི་བསྡུས་རིས་ཤིག་ཀྱང་ཡིན་ཞིང་། ཕུལ་བྱུང་འགྲུལ་ཞབས་མ་གྲངས་ལས་འདས་པ་ཞིག་གིས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་འབད་བརྩོན་གྱི་རྔུལ་ཆུ་བཏོན་ཡོད”ཅེས་བཤད།
ཀུང་ཡུས་ཅུན་གྱིས། མིག་སྔར“སྐལ་བཟང་མེ་ཏོག་འགྲུལ་ཞབས་དཔེ་སྟོན་ཚོགས་ཆུང”ལ་ཁྱོན་ཏང་ཡོན་6དང་། སྡེ་ཚོགས་ཀྱི་ཚོགས་མི་11 ཀུང་སིའི“གཙོ་གནད་འགན་སྲུང་ཚོགས་ཆུང”གི་ཁོངས་མི་11བཅས་ཡོད་པ་དེས་ཚོགས་ཆུང་ཁོངས་མིའི་90%ཡན་ཟིན་ཡོད། དཀའ་ངལ་དང་ཉེན་ཁ་ཆེ་བའི་ལས་འགན་མདུན་དུ“སྐལ་བཟང་མེ་ཏོག”ཚོས་རང་འགུལ་ངང་ཐོབ་ཐང་གཞིར་བཟུང་གནམ་གྲུ་འཕུར་སྐྱོད་འགན་ལེན་གྱི་སྣེ་ཁྲིད་དེ་མཁའ་ཐོག་མྱུར་སྐྱོབ་དང་རྐུབ་སྟེགས་འཁོར་ལོ་དང་འགྱོགས་བྱམས་སྟེང་གི་འགྲུལ་པར་རོགས་རམ་འགན་ལེན་སོགས་ཀྱི་ལས་འགན་རིམ་རྩིས་བྱས་ན་ཐེངས་ཆིག་སྟོང་ལྷག་ཙམ་ལེགས་སྒྲུབ་བྱས་པ་དེས་ཀུང་སིའི་མཁའ་ཐོག་གི་ཉེན་ཚབས་ཆེ་བའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་90%ཡན་ཟིན་ནས་ཐུགས་རྗེ་ཆེ་ཞུ་ཡིག་དང་གཟེངས་བསྟོད་ཡི་གེ་གྲངས་མེད་འབྱོར་བ་རེད།
“རྒྱལ་ཡོངས་གཞོན་ནུའི་ཤེས་དཔལ”དང“རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་ལྔ་གཅིག་བུད་མེད་དཔེ་དམག” “རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་དཔེ་སྟོན་ཚན་ཁག་དང་ཚོགས་ཆུང”“རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན”ལ་སོགས་གཟི་བརྗིད་མཚན་སྙན་རེ་རེ་ལས“སྐལ་བཟང་མེ་ཏོག་འགྲུལ་ཞབས་དཔེ་སྟོན་ཚོགས་ཆུང”གི་གྲུབ་འབྲས་ལ་ཁས་ལེན་བྱས་པ་མཚོན་ཡོད།
ད་ཆ“སྐལ་བཟང་མེ་ཏོག”བོད་ཀྱི་མཁའ་འགྲུལ་གཟུགས་བརྙན་མཚོན་པའི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་ཞིང་། བོད་ཀྱི་མཁའ་འགྲུལ་གཟུགས་བརྙན་མཚོན་པའི“ཀྲུང་གོའི་སྤུས་རྟགས་ཉིན་མོ”སོགས་འགྲེམས་སྟོན་བྱེད་སྒོ་ཡིན་ནའང་འདྲ། ཡང་ན་ཆེད་ལས་ཀྱི་ཁྱད་ཆོས་ལྡན་པའི“ལས་བཟོ་ཁྲི་བརྒྱའི་མྱུར་སྐྱོབ་རྩལ་ནུས་འགྲན་བསྡུར”ཡིན་ཡང་རུང་། ཕྱི་ཕྱོགས་སྤེལ་རེས་འགྲེམས་སྟོན་བྱེད་ཐེངས་ཚང་མར“སྐལ་བཟང་མེ་ཏོག”ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། ཁོང་ཚོས་རང་ཉིད་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལང་ཚོར་བརྟེན་ནས་མི་དེ་བས་མང་བར་བོད་ལྗོངས་མཁའ་འགྲུལ་གྱི་གཟུགས་བརྙན་སྟོན་པ་དང་མཁའ་འགྲུལ་གཏམ་རྒྱུད་རྗོད་བཞིན་ཡོད།
(བསོད་བདེ་ཆེ་བས་བསྒྱུར། ཟླ་ཕུར་གྱིས་ཞུས)