《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月25日

༄༅། །སློབ་གྲྭ་ཐོན་ལ་ཁད་ཀྱི་སེམས་འགྱུ།

རིན་ཆེན་དར་དགའ།

དབྱར་གྱི་དཔལ་ཡོན་གང་སར་ངོམ་དུས་ས་ཆེན་སྔོ་ལྗང་གཡུ་ལོས་བརྒྱན། །

ཁོ་ར་ཁོར་ཡུག་གཡུ་གཞོང་འདྲ་བ་གང་དུ་ཕྱིན་ཡང་སྣང་བ་སྐྱིད། །

དེ་དག་ལས་ཀྱང་བོད་ལྗོངས་སློབ་ཆེན་ས་ཡི་དཀྱིལ་འཁོར་ཡངས་པོ་རུ། །

ཤེས་རིག་སྦྲང་རྩི་འཐུ་སྐལ་བྱུང་སྟེ་ཡིད་ཀྱི་ནམ་མཁར་འཇའ་རིས་འཁྲིགས། །

ཕྱི་ནང་མཐུན་རྐྱེན་མ་ལུས་འཛོམས་པའི་རིག་པའི་གླིང་འདིར་འགྲིམས་སྐལ་བྱུང་། །

བཅུ་དྲུག་ལང་ཚོ་དར་བའི་སྒང་འདིར་མཚན་ལྡན་བཤེས་དང་མཇལ་སྐལ་བྱུང་། །

མཛའ་བརྩེ་ཟབ་ཅིང་ཕུགས་འདུན་གཅིག་པའི་སློབ་གྲོགས་ཁྱུ་དང་འགྲོགས་སྐལ་བྱུང་། །

རྒྱན་གྱི་དང་པོ་ཤེས་བྱའི་གནས་ལ་འབད་པ་ལྷུར་ལེན་བྱེད་སྐལ་བྱུང་། །

ལྔ་རིག་འདབ་བརྒྱ་ལྷུག་པོར་གྲོལ་བའི་ས་མཐོའི་གཙུག་ལག་ཚལ་ལ་འཁུ། །

ཤེས་དཔལ་རབ་བཞད་བོད་ལྗོངས་སློབ་ཆེན་ཤེས་རིག་འཐུ་སའི་སྐྱེད་ཚལ་ཉིད། །

དྲན་དབང་དུ་མས་ཤུལ་དུ་བཞག་པའི་གངས་ཅན་རིག་ནོར་གནས་འདིར་འཁྱིལ། །

དུས་རབས་གསར་པའི་སློབ་ཆེན་སློབ་མས་ལང་ཚོའི་ཉམས་འགྱུར་འདི་རུ་ངོམ། །

རིག་པའི་བསྟི་གནས་འདི་གར་སླེབས་ནས་སྟོང་ལོག་ཙམ་ཞིག་མི་ཡོང་སླད། །

འཕྲལ་གྱི་བདེ་བ་ཡོད་ཚད་སྤངས་ནས་བརྩོན་འགྲུས་གྲོགས་བཟང་རྒྱན་དུ་བརྩིས། །

མི་ཚེའི་རིན་ཐང་མངོན་འགྱུར་ཡོང་ཆེད་སྒྱིད་ལུག་ལེ་ལོ་ཕ་མཐར་སྤྱུགས། །

སྔ་ལངས་ཕྱི་ཉལ་བརྟུལ་ཞུགས་བཟུང་ནས་དམིགས་པ་གཅིག་གིས་མདུན་དུ་བསྐྱོད། །

རང་གི་ཕྲག་གི་འགན་འཁྲི་བསམ་བཞིན་སེམས་ནུས་ཡོད་རྒུས་ཐོས་པ་བསགས། །

དྲིན་ཆེན་ནང་མིའི་རེ་བ་སེམས་བཞིན་གནས་འདིར་མ་འོངས་ལམ་བུ་བཙལ། །

བཤེས་གཉེན་དམ་པའི་གདམས་ངག་ཉན་བཞིན་གནས་འདིར་དལ་འབྱོར་རིན་ཐང་རྙེད། །

རང་གིས་རང་ལ་ཤ་ཚ་ཤེས་བཞིན་གནས་འདིར་དུས་ཚོད་ནོར་དུ་བསྒོམས། །

དུས་ཀྱི་ཕོ་ཉར་སྡོད་ཁོམ་མེད་པས་བགྲང་བྱ་འགའ་ཞིག་དེ་ལྟར་དུ། །

དར་ཅིག་ངང་ནས་རྒྱང་དུ་བྱེར་ཏེ་ད་ནི་སློབ་ཐོན་འགྲམ་དུ་བཅར། །

དགའ་སྐྱོ་འདྲེས་མའི་སེམས་འགྱུ་སྣ་ཚོགས་རེ་ཞིག་འཇགས་པར་དཀའ་ནའང་། །

ཐུགས་རྗེ་དང་ནི་དྲིན་གཟོའི་ཚུལ་དུ་སྙན་ཚིག་འདི་ཀོ་འབྲི་བར་ཐལ། །