《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月23日

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས།

གཅེས་སེམས་མཚོན་པའི་འོས་འགན་སྨན་བཅོས་ བྱས་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཆུ་འོག་ཤང་ཁང་གསར་གྲོང་ཚོར་བཅའ་སྡོད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གདན་དྲངས་པ་ལྟར། ལས་དོན་རུ་མིས་ཆུ་འོག་ཤང་བར་རྩེ་གྲོང་ཚོའི་མང་ཚོགས་80ལྷག་ཙམ་ལ་འོས་འགན་སྨན་བཅོས་ཀྱི་བློ་འདྲིའི་ཞབས་འདེགས་ཞུས་པ་མ་ཟད། རིན་ཐང་སྒོར་1500ཙམ་རི་བའི་སྨན་རྫས་རིན་མེད་ངང་སྤྲད་པར་ཚང་མའི་གདེང་འཇོག་བཟང་པོ་ཐོབ་ཡོད།

འོས་འགན་སྨན་བཅོས་བྱེད་སྐབས་གྲོང་སྡོད་ལས་དོན་རུ་ཁག་གིས་ཆེད་སྤྱོད་ཀྱི་སྨན་བཅོས་སྒྲིག་ཆས་དང་སྨན་ཁྱེར་ཏེ། གཅིག་སྡུད་འོས་འགན་སྨན་བཅོས་དང་། དུད་ཚང་དུ་བསྐྱོད་པ་སོགས་བརྒྱུད། སྨན་བཅོས་ཀྱི་དགོས་མཁོ་ཡོད་མཁན་མང་ཚོགས་དང་ལྷག་པར་དུ་རྒན་འཁོགས་ཚོགས་སྤྱིར་གཟུགས་པོར་བརྟག་དཔྱད་བྱས་པ་དང་སྦྲགས། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས། སྤྱི་ཡོངས་ནས་གཟུགས་པོ་བདེ་ཐང་ཡིན་མིན་ཚོད་སྐོར་དང་གསེར་ཁབ་རྒྱག་པ་སོགས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ནད་དཔྱད་ཞབས་འདེགས་ཀྱང་ཞུས་པ་རེད། བར་རྩེ་གྲོང་ཚོའི་མང་ཚོགས་ཀྱིས་གསར་འགོད་པར། ཏང་གི་སྲིད་ཇུས་ཉིན་རེ་བཞིན་ཡག་ཏུ་འགྲོ་གི་ཡོད། སྔོན་མ་ལོ་ན་རྒས་དུས་ཆགས་ས་རྟེན་ས་མེད་པའི་སེམས་ཁྲལ་ཡོད་ཀྱང་། ད་ཆ་མི་མང་པོ་དེ་ལྟ་བུས་སེམས་ཁུར་གནང་གི་ཡོད་སྟབས། རང་ཉིད་ཀྱི་སེམས་པ་ལྷོད་ལ་བབས་སོང་། ཏང་དང་གྲོང་སྡོད་ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད་པ་རེད།