《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月11日

༄༅་། ཞེན་ཆགས་ཀྱི་དྲན་གླུ་།

མེ་ཆར།

དབྱར་གསུམ་ས་གཞི་ལ་དྲོད་ཁོལ་རྒྱས་དུས། །

རྩི་ཤིང་སྣ་ཚོགས་ཀྱིས་མགོ་ལྕོག་ལྡེམ་དུས། །

མེ་ཏོག་དཀར་དམར་གྱི་དྲི་ཞིམ་འཐུལ་དུས། །

དབྱངས་སྙན་མཛའ་གླུ་ཞིག་ངག་ནས་བརྡོལ་སོང་། །

རང་བྱུང་མཛེས་སྡུག་གི་ཁོར་ཡུག་འདི་ནས། །

བརྩེ་འཛུམ་མེ་ཏོག་གི་འདབ་བརྒྱ་གྲོལ་ཏེ། །

དུང་སེམས་མིང་ཚིག་གི་ཟིལ་བ་ཁྲོམ་མེར། །

སྙན་ཚིག་མེ་ཏོག་གི་ཕོ་བྲང་བཞེངས་ཡོད། །

དྭངས་བསིལ་རྫ་ཆབ་ཅིག་འབབ་སའི་དབེན་གནས། །

མཛེས་སྡུག་ཉམས་དགའ་ཡི་ནེའུ་གསིང་ཚལ་ན། །

ཁྱོད་ནི་དབྱངས་སྙན་གྱི་རྒྱུད་སྐུད་བཞིན་དུ། །

ཁོ་མོའི་རྣ་བ་རུ་ཡང་ཡང་གྲགས་བྱུང་། །

མཚན་མོའི་ཟླ་འོད་ཀྱི་བསིལ་གྲིབ་འོག་ཏུ། །

ཟླ་བའི་བཞུད་ལམ་ཞིག་མིག་གིས་འཚོ་བཞིན། །

མཚམས་སྤྲིན་འདབ་མ་ལ་འཁྲེང་བའི་གཞས་ཆུང་། །

ཚོར་བའི་གཏིང་རིམ་ནས་ཤུགས་ཀྱིས་བླངས་ཡོད། །

མ་བཅོས་ནང་སེམས་ཀྱི་མེ་ལོང་ངོས་སུ། །

ཁྱོད་ཞལ་མཛེས་སྡུག་གི་ལང་ཚོ་བཀོད་ཡོད། །

འགོག་མེད་བརྩེ་འདང་གི་མེ་ཏོག་འཁྲུངས་ཡོད། །

འབྲལ་མེད་ཚེ་གཅིག་གི་དམ་བཅའ་བསྲུངས་ཡོད། །

འཇིག་རྟེན་འཁོར་བ་ལ་ཁ་དོག་མེད་ཀྱང་། །

ཁྱེད་རང་ཡོད་པ་ཡིས་མཛེས་པས་ཁེངས་སོང་། །

ཐུན་སུམ་རྨི་ལམ་གྱི་སོ་མཚམས་ཤིག་ནས། །

སྙན་ངག་སྣ་ཚོགས་ཀྱི་བརྗོད་བྱ་ཁྱོད་ཡིན། །