《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月11日

༄༅་། དབྱར་གཞུང་གི་ལང་ཚོ་།

རང་མདངས།

རི་བོ་ནགས་ཀྱིས་དཀྲིས་པའི་ལུང་པ་ན། །

རྫ་ཆུ་སྙན་མོ་ཤང་ཤང་རྣ་བའི་དཔྱིད། །

རབ་སྔོ་དབྱར་གྱི་ལང་ཚོ་ལྟ་ན་སྡུག །

དབྱར་གཞུང་ན་ཆུང་ཐང་ལ་རྩེད་དགར་རོལ། །

གཟུཌ་འཛིན་མིག་ཤེས་འགུག་པའི་སྤང་ལྗོངས་ཀྱི། །

ཡིད་འོང་མེ་ཏོག་དཀར་དམར་སྙིང་ཁར་དྲོ། །

ཁུ་བྱུག་འཇོལ་མོ་གཉིས་ཀྱི་སྙན་པ་དེས། །

དབྱར་ཁའི་མཛེས་པར་བསྟོད་གླུ་ལེན་དང་འདྲ། །

མ་བཀྲམ་རང་བྱུང་ལང་ཚོའི་ཞིང་ཁམས་སུ། །

མ་བཅོས་ཁུ་བྱུག་གསུང་སྐད་རྣ་བར་འཇེབས། །

མ་བྱས་རྐང་དྲུག་བུང་བའི་གཤོག་རྩལ་བདེ། །

མ་བཀོད་དབྱར་གྱི་དུས་བཟང་ཨེ་མ་ཧོ། །

མ་བྱས་རང་བྱུང་ཁམས་ཀྱི་སྤང་ཐང་དུ། །

མ་བཀོད་ཁྲ་ཚོམ་མེ་ཏོག་མགོ་ལྕོག་ལྡེམ། །

མ་ལུས་རི་ཆུ་ཡིད་འཕྲོག་མིག་གི་དཔལ། །

མ་བཅོས་དབྱར་ཁའི་མཛེས་ལྗོངས་ཨེ་མ་མཚར། །