《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月09日

མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས།

དམངས་ལ་ཕན་པའི་བྱ་བ་དངོས་ཏན་ཏིག་བསྒྲུབས་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་ཀའི་ཕྱོགས་སྟོན་དུ་འཛིན་པ་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་དམིགས་ཚད་དུ་བྱས་ཏེ། དམངས་འཚོའི་ལས་དོན་དངོས་གཙོ་གནད་ཐོག་བཞག་ནས་ཡག་པོ་སྒྲུབ་པ་དང་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱས་ཏེ་དམངས་འཚོའི་བདེ་སྣང་སྔར་བས་ཆེ་རུ་བཏང་ཡོད།

མངའ་རིས་ས་ཁུལ་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཆར་འགོད་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། 2024ལོར་མངའ་རིས་ས་ཁུལ་གྱིས་གཞུང་ལམ་རྣམ་གྲངས་ཁྱོན་37གསར་སྐྲུན་དང་མཐུད་བསྐྲུན་བྱས་པའི་ནང་གསར་སྐྲུན་རྣམ་གྲངས་18དང་མཐུད་སྐྲུན་རྣམ་གྲངས་19ཡོད། མིག་སྔར་མངའ་རིས་ས་ཁུལ་གྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་2.17ལྷག་ཙམ་ཟིན་པ་དང་། ཀྲུང་གོའི་ཞིང་ཆེན་གྱི་མ་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་5839ལྷག་ཙམ་དང་གྲོང་གསེབ་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.59ལྷག་ཙམ་ཟིན་ཡོད།

དེ་དང་ཆབས་ཅིག དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱ་ཆེད། མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་ཞིང་འབྲོག་པ་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ཞིང་འབྲོག་པའི་ལས་མི་སྤྱོད་པའི་བསྡུར་ཚད་མང་དུ་བཏང་ནས་ས་གནས་དེ་གའི་ཞིང་འབྲོག་པའི་གླ་ཆའི་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་ཡོད། མིག་སྔའི་བར། ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་520.58བྱུང་བ་དང་ཁྱོན་ལས་མི་696སྤྱད་ཡོད། རྣམ་གྲངས་ལ་འཕྲུལ་ཆས་བོགས་མར་བཏང་བར་ཡོང་འབབ་སྒོར་ཁྲི་1166.15བྱུང་ཡོད།

མངའ་རིས་ས་ཁུལ་གྱི་རྫོང་7ཚང་མར་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཤང་དང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་95%ཟིན་པ་དང་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་86%ཟིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། མངའ་རིས་ས་ཁུལ་དུ་གཉེར་སྐྱོང་རང་བཞིན་གྱི་རླངས་འཁོར་འགྲུལ་སྐྱེལ་བྱེད་ཚད་མི་ཁྲི་3.22ཟིན་པ་དེ་དུས་མཚུངས་ལས་6.83%འཕར་བ་དང་འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་མི་ཁྲི་རེར་སྤྱི་ལེ་1419.43ཟིན་པ་དེ་དུས་མཚུངས་ལས་22.27%འཕར་ཡོད། ཟོག་འདྲེན་བྱེད་ཚད་ཏུན་ཁྲི་51.4ཟིན་པ་དེ་དུས་མཚུངས་ལས་4.05%འཕར་བ་དང་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་ཏུན་ཁྲི་13194.1ཟིན་པ་དེ་དུས་མཚུངས་ལས་1.56%འཕར་ཡོད།