《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月09日

རེན་ཝེ་ཡིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ནས་ཟླ་8ཚེས་2ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། གོང་དཀར་རྫོང་། མཚོ་སྣ་གྲོང་ཁྱེར། ལྷོ་བྲག་རྫོང་། སྣ་དཀར་རྩེ་རྫོང་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་གནང་རིང་། རེན་ཝེ་ཡིས་རྣམ་གྲངས་འཛུགས་སྐྲུན་དོ་དམ་པ་དང་། ཁེ་ལས་ཀྱི་འགན་འཁུར་བ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བཅས་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་། འགག་རྩའི་བྱེད་ཐབས། རྩ་བའི་འགན་ལེན་སོགས་ལྟེ་བའི་དོན་སྙིང་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་ཟུང་འབྲེལ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྒྱུར་བཅོས་ཀྱི་ལས་དོན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ནས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

སྣེ་གདོང་ཆུས་ཕོ་བྲང་ཤང་ཕན་ཐང་ལུང་ཤུར་གྱི་ཆུ་རུད་ཀྱི་གཏོར་སྐྱོན་ཕོག་པའི་ས་ཚིགས་དང་། མཚོ་སྣ་གྲོང་ཁྱེར་མག་མག་ཤང་གི་ཆུ་རུད་དང་གནས་མཐོའི་གས་རྡིབ་གནོད་འཚེ་ཕོག་ཁུལ། ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་འཕྲལ་སྡོམ་དོ་དམ་ས་ཚིགས་བཅས་སུ་རེན་ཝེ་ཡིས་གནོད་འཚེ་ཕོག་སའི་ལས་གྲྭ་བཅོས་སྐྱོང་བྱ་ཐབས་དང་གཞི་རིམ་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས“མཐའ་འཁྱོངས་གཉིས་དང་འགྱུར་ལྡོག་གསུམ”གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། “འཕྲལ་སྡོམ་མེ་ཟོན་གཞི་གཅིག་དང་སྔོན་འགོག་རོགས་སྐྱོབ་ཟུང་འབྲེལ”གྱི་གཞི་རིམ་འཕྲལ་འདོམ་མ་ལག་འཛུགས་པ་དང་། བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་དང་། མེ་ཟོན་བདེ་འཇགས་གཞུང་དོན་ཁང་། གནོད་འཚེ་ཉུང་གཏོང་གཞུང་དོན་ཁང་བཅས་དངོས་ཚན་ཅན་གྱི་འཁོར་རྒྱུག་སྒྲིག་སྲོལ་ལམ་སྲོལ་སྔར་བས་མཐུན་སྦྱོར་བྱས་ནས། གཞི་རིམ་གྱི་འཕྲལ་འདོམ་མ་ལག་ནུས་ཆེའི་ངང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)