འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2024ལོ་ཚུན་དུ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ཀྱི་ས་ཁོངས་ཁྱད་ཆོས་ལ་གཞི་ཚུགས་ཏེ་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ལས་སྒོར་སྐུལ་འདེད་བཏང་ནས་བོད་ཀྱི་དངོས་ཚན་དཔལ་འབྱོར་འཁོར་སྐྱོད་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལ་གཙོ་གནད་ཁེ་ལས་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ལས་སྒོ“ཐོག་མར་གཉེར་མཁན”རྒྱ་སྐྱེད་པའི་བྱ་སྤྱོད་རྒྱུན་མཐུད་སྤེལ་རྒྱུར་ཁྲིད་སྟོན་བྱས་པ་རེད། ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ལས་སྒོ་གཉེར་མཁན་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་13མང་དུ་བཏང་བར་སྤྲོད་ལེན་དངུལ་གྲངས་སྒོར་ཁྲི་5478.87ཟིན་ཡོད་པ་རེད།
དེ་དང་ཆབས་ཅིག མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལ་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་ཞབས་འདེགས་ཏན་ཏིག་དང་ཡག་པོ་ཞུ་རྒྱུར་མཛུབ་ཁྲིད་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཡུལ་སྐོར་ཞབས་འདེགས་ཁེ་ལས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་སྟབས་བདེ་ཅན་གྱི་ཇུས་གཞི་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་པས། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུའི་རྣམ་གྲངས་ཁོངས་ཀྱི་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་རྒྱག་པའི་གྲངས་འབོར་ཟིན་ཐོ་གསར་པ་བཏོད་པ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཟླ་6པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུའི་རྣམ་གྲངས་ཁོངས་ཀྱི་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་ཁྲི་3640.67ཟིན་པ་དེ་དུས་མཚུངས་ལས་ལྡབ་25ལྷག་ཙམ་འཕར་ཡོད་པ་རེད།
གཞན་ཡང་ཀྲུང་གོ་དང་ནེ་པ་ལའི་འགག་སྒོ་སྔ་རྗེས་སུ་སྒོ་ཕྱེ་བ་དང་བསྟུན་ནས་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཉོ་ཚོང་སླར་གསོ་བརྟན་པོ་བྱུང་ཞིང་། མཐའ་མཚམས་ཉོ་ཚོང་གི་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ལས་སྒོར་སྐུལ་འདེད་ཏན་ཏིག་གཏོང་ཆེད། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས《མཐའ་མཚམས་ཉོ་ཚོང་གི་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་གཉེར་སྐྱོང་བྱེད་པོས་མི་དམངས་ཤོག་སྒོར་གྱི་ཐོན་རྫས་ཤེས་རྟོགས་དང་། མི་དམངས་ཤོག་སྒོར་གྱི་ཞབས་ཞུ་དང་ལེན། མི་དམངས་ཤོག་སྒོར་སྤྱད་ནས་དུས་རྩིས་རྒྱག་པ་བཅས་ལ་སྔར་བས་ཁྲིད་སྟོན་བྱས་ཡོད། ཟླ་6པའི་ཟླ་མཇུག་བར་བོད་ལྗོངས་དང་ནེ་པ་ལའི་དབར་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་ཁྲི་1368.36གཏོང་ལེན་བྱས་པ་དེ་དུས་མཚུངས་ལས་297.49%འཕར་ཡོད་པ་རེད།