འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མི་དམངས་ཁྲིམས་ཁང་མཚོ་སྦྲེལ་མ་ཁྲིམས་རའི་ནང་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མཚོ་སྦྲེལ་མ་གྲོང་རྡལ་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྐབས་གསུམ་པ་གཉེར་བ་རེད།
མཚོ་སྦྲེལ་མ་གྲོང་རྡལ་གྱི“ཁྲིམས་ར་གཅིག་དང་ཁང་གཉིས”ཀྱི་ལས་བྱེད་ཉེན་རྟོག་པ་དང་མི་དམངས་ཉེན་རྟོག་པས་བྱེད་སྒོ་དང་ཁྲིམས་སྐྱོང་ཤེས་བྱ་དྲིལ་བསྒྲགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་གི་ནང་དོན་དང་བྱེད་སྒོའི་བརྗོད་དོན་གཙོ་བོ་མཉམ་འདྲེས་བྱས་ཤིང་། ལས་བྱེད་ཉེན་རྟོག་པ་དང་མི་དམངས་ཉེན་རྟོག་པས་གཞོགས་འདེགས་རོགས་རེས་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་སྟེགས་དང་བློ་འདྲིའི་ལས་སྟེགས་བཙུགས་པ་དང་། འབྲོག་པར་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་ཏེ་རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ཁེ་དབང་སྲུང་སྐྱོང་སོགས་ཀྱི་དྲིལ་བསྒྲགས་ལག་དེབ་ཚུད་པའི་ཁྲིམས་སྐྱོང་གི“ལག་རྟགས་ཆེན་པོ”སྤྲད་པར་བརྟེན། ད་རེས་ཀྱི་བྱེད་སྒོའི་ཁྲོད་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་སློབ་གསོ་མི་སེམས་ཀྱི་ཞིང་སར་གཏིང་ཟབ་ཟུག་ཡོད་པ་རེད།
ས་ཡུལ་དངོས་ཀྱི་འབྲོག་པ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས། “ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་དང་མང་ཚོགས་ཀྱི་འགྲན་བསྡུར་གཉིས་ཟུང་དུ་འབྲེལ་ཏེ། ཕྱོགས་གཅིག་རྣམ་པའི་དྲིལ་བསྒྲགས་བྱེད་སྟངས་དེ་མཉམ་འགུལ་རྣམ་པའི་མཉམ་འདྲེས་སུ་གྱུར་ནས། རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་རྣམ་པའི་ཐོག་ནས་མང་ཚོགས་ཀྱིས་ཁྲིམས་སྐྱོང་གི་སྟོབས་ཤུགས་ཚོར་ཐུབ་པ་བྱུང”ཞེས་བསྔགས་བརྗོད་བྱེད་བཞིན་མཆིས།
བྱེད་སྒོའི་ནང་སྙན་འཇེབས་ལྡན་པའི་གླུ་སྒྲར་བརྟེན་ནས་རླབས་ཆེན་མེས་རྒྱལ་དང་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་དགའ་ཞེན་ཚད་མེད་མཚོན་པ་དང་། མཛེས་སྡུག་གི་གར་སྟབས་ལས་དུས་རབས་གསར་པའི་བོད་ཀྱི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་མ་ཟད། ཁྲིམས་སྐྱོང་གི་འགྱུར་ཁུག་ལས་ཞི་མཐུན་དུས་བདེའི་རོལ་དབྱངས་གསར་པ་བརྩམས་པ་དང་། ཁྲིམས་སྐྱོང་གི་སྐད་སྒྲ་གང་སར་ཁྱབ་ནས་གྲོང་གསེབ་ཀྱི་ཁྲིམས་སྐྱོང་རིག་གནས་ལ་ནང་གནས་ཀྱི་སྒུལ་ཤུགས་བསྣན་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)