འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་ཀྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་ཞིང་པ་ལས་མི་60ལྷག་ཙམ་དང་འབྲེལ་བ་ཡོད་པའི་སྐྱེལ་འདྲེན་གན་རྒྱའི་རྩོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་བསལ་ནས་མང་ཚོགས་ཀྱི་གླ་ཆའི་སེམས་ཁྲལ་བསལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3ཚེས་11ཉིན་དོ་བདག་ཕུན་ཆེ་གེ་མོ(སྐྱེལ་འདྲེན་བྱེད་མཁན)དང་ཟླ་ཆེ་གེ་མོ(སྐྱེལ་འདྲེན་མངགས་མཁན)དབར་ས་རྡོ་སྐྱེལ་འདྲེན་གྱི་གན་རྒྱ་བཞག་པ་མ་ཟད། གན་རྒྱ་བཞག་པའི་ཉིན་དེ་ནས་བཟུང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད། ལས་མཇུག་འགྲིལ་རྗེས་དོ་བདག་ཟླ་ཆེ་གེ་མོས་གན་རྒྱ་ལྟར་དོ་བདག་ཕུན་ཆེ་གེ་མོར་སྐྱེལ་འདྲེན་གླ་ཆ་ཆ་ཚང་སྤྲད་མེད་པ་དང་། ཐེངས་མང་ལེན་པར་ཕྱིན་ཡང་མ་སྤྲད་པས། རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ལ་འདུམ་འགྲིག་བྱ་རྒྱུའི་རེ་འདུན་ཞུས་པ་རེད། རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འཕྲལ་དུ་བདག་སྤྲོད་བྱས་པ་དང་འབྲེལ་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་བཀོད་སྒྲིག་བྱས་ནས་དོ་བདག་ཕྱོགས་གཉིས་པོར་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་འདུམ་འགྲིག་བྱས་པ་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) འདུམ་འགྲིག་ཆུ་ཚོད་བཞི་བྱས་རྗེས། དོ་བདག་ཕྱོགས་གཉིས་པོས་སྐྱེལ་འདྲེན་གླ་ཆ་སྤྲོད་ལེན་དུས་ཚོད་ལ་མོས་མཐུན་བྱས་པ་མ་ཟད། ཁྲིམས་འཛིན་གྱི་ཁས་ལེན་ཡང་ཐོབ་པས། ཞིང་པ་ལས་མི་60ལྷག་ཙམ་གྱི་སྐྱེལ་འདྲེན་གླ་ཆར་བཅའ་ཁྲིམས་ཀྱི་འགན་སྲུང་ཐུབ་པ་རེད།
གོམ་སྟབས་རྗེས་མར་རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་སྒྲུབ་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་འགལ་ཟླ་དང་རྩོད་གཞིའི་འདུམ་འགྲིག་ལས་དོན་ཁག་ནན་ཏན་སྤེལ་ནས། དམངས་ཀྱི་དཀའ་ངལ་དང་སེམས་ཁྲལ་ཏན་ཏིག་བསལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།